བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་བར་གཞུང་དམངས་གཉིས་ཀས་ནུས་པ་མཉམ་སྤུངས་དགོས་སྐོར་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་སྐབས་ལན་འདེབས་གནང་བ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བརྒྱད་པའི་ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་ནས་བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་བར་དཔྱ་དངུལ་འབུལ་བབ་ལ་སྤར་ཆ་ཞུ་རྒྱུ་དང་། ལས་དོན་འགྲོ་གྲོན་ཐད་བསྲི་ཚགས་གནང་རྒྱུར་དགོངས་ཚུལ་གསུངས་པར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་བར་གཞུང་དམངས་གཉིས་ཀས་ནུས་པ་མཉམ་སྤུངས་དགོས་སྐོར་ལན་འདེབས་གནང་སོང་།
དེ་ཡང་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། བོད་མའི་སྒྲིག་འཛུག་གི་རང་ཁ་རང་གསོའི་ཐོག་ལ་འགྲོ་ཐུབ་རྒྱུར་འབད་བརྩོན་ཤུགས་ཆེན་པོ་ཞིག་གནང་དགོས་པ་དང་རོགས་དངུལ་ཁོ་ན་ལ་སྐྱབས་བཅོལ་ནས་མ་བསྡད་པར་དཔྱ་དངུལ་འབུལ་བབ་ཐད་འགྱུར་བ་གཏོང་རྒྱུར་དགོངས་བཞེད་གནང་རྒྱུ་གལ་ཆེན་ཡིན་པ་དང་། དེ་ལས་འཕྲོས་ཏེ་མ་འོངས་པར་སློབ་ཡོན་གནང་སྟངས་ཀྱི་ཐོག་ལ་ཕྱིའི་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟས་ནས་སློབ་ཡོན་བུན་གཡར་གྱི་ངོ་བོའི་ཐོག་གནང་རྒྱུའི་ཐོག་གོམ་པ་སྤོ་ཐུབ་ན་དགེ་ཚན་ཆེན་ཡོད་པོ་ཡོད་སྐོར་གསུངས་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཀྱང་བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་ནས་རང་ཁ་རང་གསོ་ཐུབ་རྒྱུ་དཀའ་ནའང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་གཏོང་ཕྱོགས་ལ་བསྲི་ཚགས་གནང་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཡིན་དང་། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་སྒྲིག་འཛུགས་ཀྱི་ཡོང་བབ་ཁེ་ཡོད་ཚོང་གི་ལམ་ནས་ཐབས་ལམ་འཚོལ་རྒྱུ་གལ་ཆེ་ནའང་། མི་མང་རང་སྐུལ་ནས་བོད་མིའི་སྒྲིག་འཛུགས་ལ་སྨན་པའི་རྩ་དོན་མ་དངུལ་ཞེས་པ་ལྟ་བུ་དབུལ་རྒྱུའི་ལམ་བཟོ་ཐབས་ལ་འབད་དགོས་སྐོར་གསུངས་པར། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་ཐབས་སུ་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པ་དང་། ལྷག་པར་བཀའ་ཤག་གིས་རང་ཁ་རང་གསོའི་ཐོག་བསྐྱོད་རྒྱུའི་འཆར་གཞི་ཡོད་པ་ལྟར། ད་ལོའི་སྔོན་རྩིས་ན་ལའང་གཞུང་དང་མི་མང་མཉམ་རུབ་ཀྱི་ལས་གཞི་དང་འབྲེལ་བའི་སྔོན་རྩིས་ཁྱེར་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་སྦྲགས། བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་བར་སྒྲིག་འཛུགས་ཁོ་ན་མིན་པར་མི་མང་ནས་མཉམ་རུབ་ཀྱིས་ནུས་པ་མཉམ་སྤུངས་དགོས་པ་དང་། ལྷག་པར་དུ་གཞིས་ཆགས་ཁག་གི་ལས་གཞིར་གཞིས་མི་དང་། ཕྱི་རྒྱལ་དུ་ཡོད་པའི་གཞིས་མི་ཟུར་པ་སོགས་ནས་རྒྱབ་སྐྱོར་གནང་རྒྱུར་འགན་ཁུར་དགོས་པའི་རེ་སྐུལ་གནང་སོང་།
དེ་བཞིན་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་དཔྱ་དངུལ་དང་། ངེས་བཅད་བསྡུ་དངུལ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ལ་བརྒྱ་ཆ་ཕྲན་བུ་ལས་ཕན་གྱི་མེད་པ་གསལ་བཤད་གནང་བ་འབྲེལ། སྤྱི་འཐུས་ཁག་ཅིག་ནས་དཔྱ་དངུལ་འབུལ་བབ་ལ་སྤར་ཆ་ཞུ་རྒྱུའི་དགོངས་ཚུལ་གསུངས་པར། དཔལ་འབྱོར་བཀའ་བློན་ནས་དངོས་ཡོད་གནས་སྟངས་ཐོག་སྤར་ཆ་ཞུས་ན་འབུལ་མཁན་ག་ཚོད་ཡོང་མིན་ལ་བསམ་བློ་གཏོང་དགོས་པ་མ་ཟད། ལྷག་པར་དུ་གྲོས་ཚོགས་སུ་བཀའ་མོལ་གནང་བ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ལག་བསྟར་འོས་པའི་བསམ་བློ་གཏོང་དགོས་པའི་སྐོར་ལན་འདེབས་གསལ་བཤད་གནང་སོང་།
གཞི་རྩའི་དེ་རིང་སྔོན་རྩིས་ལས་ཉིན་བརྒྱད་པའི་སྐབས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་གཏན་འབེབས་དང་། དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་སྤྱི་ཡོངས་ཐོག་བགྲོ་གླེང་གཏན་འབེབས་གནང་ཡོད་པ་རེད། །
གསར་འགོད་པ། ལོ་ཡག་བཀྲིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།