ལྕམ་ནན་སི་ཕེ་ལོ་སི་མཆོག་གིས་ཡུན་རིང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུ་བའི་གྲོས་ཆོད་བཞག་ཡོད་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་༥པའི་ལས་ཉིན་བཞི་བ་སྟེ། སྤྱི་ཟླ་༣པའི་ཚེས་པ་༡༨ཉིན། སྤྱི་འཐུས་ལྷན་ཚོགས་སུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕེ་ལོ་སི་མཆོག་ནས། དུས་ཡུན་རིང་མོར་བོད་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུ་བའི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། ཐོག་མར་གྲོས་ཆོད་གྲོས་འཆར་གྱི་ངོ་བོར་གྲོས་ཚོགས་སུ་མདོ་སྨད་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ནས་བཏོན་པའི་ནང་། “ལྕམ་སྐུ་ནན་སི་ཕེ་ལོ་སི་མཆོག་ནས་ཨ་རིའི་གྲོགས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པའི་སྐབས། ལྷག་བསམ་དང་སྙིང་སྟོབས་ཆེན་པོས་བོད་རྒྱ་ཞི་མོལ་ལམ་ནས་དངོས་ཡོད་དཀའ་ངལ་རྣམས་སེལ་ཏེ། བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར། རྒྱ་གཞུང་ལ་སྐྱོན་བརྗོད་དང་དམ་དྲགས་ཤུགས་ཆེ་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པའི་གཞེན་སྐུལ་ཡང་ཡང་གནང་བ་དང་། ཁོང་གིས་འགན་ཁུར་ཆེ་བཞེས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ནས་རྒྱབ་སྐྱོར་གྱིས། ཨ་རིའི་གྲོས་ཚོགས་ལ་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ཁག་ནི། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རེ་བ་དང་སྤོབས་པ་སྦྱིན་པར་མཛད་པའི་ཧ་ཅང་རིན་ཐང་ལྡན་པའི་བྱས་རྗེས་བཞག་ཡོད་པ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྔ་ཕྱི་བར་གསུམ་དུ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་”ཞེས་སོགས་འཁོད་ཡོད་པ་རེད།
གྲོས་ཆོད་གྲོས་འཆར་དུ་ཚུད་པའི་རྗེས་དེའི་ཐོག་ལ་བགྲོ་གླེང་གནང་སྐབས། བྱང་ཨ་མི་རི་ཀའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ནས། ལྕམ་སྐུ་མཆོག་དུས་རྒྱུན་ནས་བོད་དོན་རྒྱབ་སྐྱོར་དང་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ། བོད་ལའང་ཕེབས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཆ་ཚང་མཁྱེན་པའི་ཐོག་ནས། ཚུར་ཨ་རི་ལ་ལོག་ནས་བོད་དོན་ཐོག་སེམས་ཤུགས་འཕར་མ་སླེབས་ཏེ་ཕྱག་ལས་གནང་བའི་མི་སྣ་ཞིག་ཆགས་ཡོད་པ་སོགས་གསལ་སྟོན་གནང་གི་འདུག
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས། “བོད་དོན་ཐོག་ཨ་མི་རི་ཀའི་གྲོས་ཚོགས་སུ་ཁྲིམས་ཡིག་དང་ཁྲིམས་འཆར་བྱུང་བཞག་པ་དང་འབྱུང་བཞིན་པ་ཚང་མའི་ནང་། ལྕམ་སྐུ་ནན་སི་ཕེ་ལོ་སི་མཆོག་ནས་མཐུན་འགྱུར་དང་དབུ་ཁྲིད་ཀྱི་ཐོག་བྱུང་བ་རེད་ཅེས་ཞུས་ན་མི་འགྲིག་པ་མེད་པས། གྲོས་འཆར་འདི་བརྒྱུད་བཀའ་སྤྱི་ཐུན་མོང་གིས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་བ་”གསལ་སྟོན་གནང་གི་འདུག
ཕྱོགས་མཚུངས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་“ལྕམ་སྐུ་མཆོག་༧གོང་ས་མཆོག་ལ་ཐེངས་དང་པོ་མཇལ་བ་ནས་བཟུང་། ༧གོང་ས་མཆོག་གི་རྗེས་འཇུག་པ་གནང་སྟེ་བོད་མི་གཅིག་སྟོང་ཨ་རི་ལ་བཏང་བའི་ཁྲིམས་འཆར་གཏན་འབེབས་དང་། ༧གོང་ས་མཆོག་དང་ཨ་མི་རི་ཀའི་སྲིད་སྦུ་ཤུ་རྒན་པ་མཇལ་འཕྲད་གནང་ཐུབ་པ། གཞུང་འབྲེལ་མིན་པའི་སྒོ་ནས་༧གོང་ས་མཆོག་གིས་གྲོས་ཚོགས་གོང་འོག་གི་འཐུས་མི་གཉིས་ཀར་བཀའ་སློབ་སྩལ་ཐུབ་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཙུགས་ཐུབ་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མར་བསྐོས་ཐུབ་པ་དང་། ༧གོང་ས་མཆོག་ལ་གྲོས་ཚོགས་ཀྱིས་ཆེ་བསྟོད་གཟེངས་རྟགས་ཕུལ་བའི་མཚོན། ལས་དོན་ཚང་མའི་ནང་ལྕམ་སྐུ་ནན་སི་ཕེ་ལོ་སི་མཉམ་ཞུགས་ཀྱིས་ནུས་པ་ཐོན་ཡོད་པ་”ཡོད་པ་སོགས་གསལ་སྟོན་གནང་གི་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕེ་ལོ་སི་མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དེ་བཞིན། བོད་མི་མང་སྤྱི་ལྷན་གྱིས་སྤྱི་མོས་ཀྱི་ལམ་ནས་གཏན་འབེབས་གནང་གྲུབ་ཡོད་ཅིང་། སྤྱི་ལོ་༡༩༤༠ལོར་ཨ་མི་རི་ཀའི་ནང་སྐྱེས་པ་ལྕམ་ནན་སི་ཕེ་ལོ་སི་ལགས་ནས། སྤྱི་ལོ་༢༠༠༧ནས་༢༠༡༡བར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གནང་ཡོད་པ་མ་ཟད། སྤྱི་ལོ་༢༠༡༩ནས་༢༣བར་བསྐྱར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བའི་བརྒྱུད་རིམ་ནང་། བྱིས་པའི་ཐོབ་ཐང་དང་རྩ་ཁྲིམས་སྲུང་སྐྱོབ།ལྷག་པར་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་མ་ཟད། དམིགས་བསལ་བོད་ནང་རྒྱ་ནག་གཞུང་གིས་དྲག་རྩུབ་ཀྱི་སྲིད་ཇུས་འཛིན་བཞིན་པར་མཐའ་གཅིག་ཏུ་སྐྱོན་བརྗོད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་སྟེ། བཞུགས་སྒར་རྡ་རམ་ས་ལ་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་དངོས་སུ་ཕེབས་ནས་བོད་དོན་རྟོག་ཞིབ་གནང་བ་བརྒྱུད། ཁོང་གིས་འཛམ་གླིང་གི་རང་དབང་ལ་དགའ་བའི་སྐྱེ་བོ་སུ་འདྲ་ཞིག་ཡིན་ན། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཀྱང་གནང་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།