བོད་རྒྱའི་དཀའ་རྙོག་གྲོས་མོལ་ཐོག་ནས་ཐག་གཅོད་ཡོང་ཐབས།
2010.06.30
༄༅༎རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ཨི་ཁྲ་ལིའི་གྲོས་ཚོགས་ཚོགས་མི་སྐུ་ཞབས་མ་ཀྲི་ཡོ་མེ་ཀ་ཀི་མཆོག་དང་བྱར་མ་ནའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཐོ་མ་སི་མའན་རྣམ་གཉིས་ཀྱིས་ཁེ་ན་ཌའི་ནང་ཚོགས་པའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་འཛམ་གླིང་ཡུལ་ཁག་གི་དཔོན་རིགས་ཚོས་བོད་དོན་ཐོག་དོ་སྣང་གནང་རྒྱུའི་གནད་དོན་བཏོན་གནང་ཡོད་པ་དང་ ལྷག་པར་དུ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་དཔོན་རིགས་རྣམ་པ་ཚོས་བོད་རྒྱའི་དཀའ་རྙོག་དེ་བཞིན་་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་གྱི་ལམ་བུའི་ཐོག་ནས་ཐག་གཅོད་ཡོང་ཐབས་གནང་དགོས་པའི་སྐོར་རྒྱ་ནག་གཞུང་ལ་གསལ་སྟོན་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཡི་གེ་ཕུལ་གནང་ཡོད་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ནས་ཡིག་ཐོག་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་
རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྷན་ཚོགས་ཀྱི་ཚོགས་ཡུལ་རྒྱལ་ཁབ་ཁེ་ན་ཌའི་སྲིད་བློན་གྱི་མཚན་ཐོག་ལ་ཕུལ་བའི་ཡི་གེ་དེའི་ནང་ཁེ་ན་ཌའི་གཞུང་གིས་བོད་དོན་ཐོག་སེམས་འཚབ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་ཆབས་ཅིག་༧གོང་ས་སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་གིས་བཏོན་གནང་བའི་དབུ་མའི་ཐབས་ལམ་གྱི་དགོངས་དོན་ནི་བོད་མི་ཚོར་རྒྱ་ནག་གཞུང་གི་ཁྲིམས་ལུགས་སྒྲིག་གཞིའི་ནང་དོན་གཞིར་བཟུང་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཞིག་ཡོང་ཐབས་གནང་གི་ཡོད་པ་དང་ དེས་བོད་རྒྱ་མི་མང་གཉིས་ཀར་དུས་ཡུན་རིང་པོ་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པ་གསལ་སྟོན་གནང་ཡོད་ཅིང་ རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ ད་དུང་ བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་བཏོན་གནང་ཏེ་ བོད་ནང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེས་ཨེ་ཤི་ཡ་ཁྱོན་ཡོངས་དང་ཐ་ན་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་འབོད་སྐུལ་ཡི་གེ་དེའི་ནང་བཀོད་ཡོད་པ་རེད་ བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་ཀྱིས་ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་དང་ དེ་བཞིན་བཟོ་ལས་ཡར་ཐོན་ཅན་གྱི་ཡུལ་གྲུ་བརྒྱད་ཀྱི་ནང་ནས་རྒྱལ་ཁབ་བདུན་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་གྱི་ལམ་བུའི་ཐོག་ནས་ཐག་གཅོད་ཡོང་ཐབས་བྱ་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་བཏོན་གནང་བར་ད་བར་འགྱུར་ལྡོག་གང་ཡང་ཕྱིན་མེད་པར་བརྟེན་G8དང་G20རྒྱལ་ཁབ་ཀྱི་དཔོན་རིགས་རྣམ་པ་ཚོས་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་ནས་སེལ་ཐབས་ལ་རྒྱབ་སྐྱོར་གནང་རྒྱུར་ཡིད་ཆེས་གནང་གི་ཡོད་ཅེས་གསུང་འདུག