ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཚང་བའི་འོས་མི་ཞིག་རག་མེད་པ།

2022.03.17
ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཚང་བའི་འོས་མི་ཞིག་རག་མེད་པ། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་སྙན་ཐོ་ཡིག་ཆུང་དེ། སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་སྐབས།
Tibet TV screengrab

བཞུགས་སྒར་དུ་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༢དེ་སྤྱི་ཚེས་༡༤ཉིན་ནས་འཚོག་བཞིན་པ་ལྟར། ལས་ཉིན་བཞི་པ་སྤྱི་ཟླ་༣པའི་ཚེས་༡༧ཉིན། གྲོས་ཚོགས་སུ་ལས་རིམ་གཞན་གྱི་ཆེད་དུས་ཚོད་ཟུར་བཅད་ཟེར་བའི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་སྙན་ཐོ་ཡིག་ཆུང་དེ། སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་སྐབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་དང་པོའི་དགོངས་དོན། སྲིད་སྐྱོང་གི་མཚན་ཐོག་ནས་སྤྱི་ལོ་༢༠༢༡ཟླ་བ་༡༡པའི་ཚེས་༢ཉིན་འཁོད། ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་གསུམ་ནི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ། བཀའ་ཟུར་ཐུབ་བསྟན་ལུང་རིག་བཅས་ཡིན་པ་དང་། ཚོགས་ཆུང་གི་བྱེད་སྒོ་ལམ་སྟོན་གྱི་ངོ་བཤུས་བཅས་གནང་དོན་བཞིན། དངོས་དང་དྲ་ཐོག་བཅས་སུ་གོ་བསྡུར་དང་ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད། ཐབས་ཤེས་ཡོད་རྒུ་བྱས་ཀྱང་བཅའ་ཁྲིམས་དོན་ཚན་༦༣པའི་དང་པོ་དང་གཉིས་པ་གཉིས་སུ་གསལ་བའི། འོས་ཆོས་ཡོངས་སུ་ཚང་བའི་འོས་མི་འཚམས་ཤོས་ཤིག་འབུལ་ཐུབ་པའི་ཐབས་ཤེས་ཐུབ་མ་སོང་བ་འཁོད་ཡོད་པ་རེད།

ཡང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། བཅའ་ཁྲིམས་ཀྱི་དགོངས་དོན་འོས་ཆོས་ཚང་བའི་འོས་མི་རག་གི་མི་འདུག་ཅེས་གསལ་བོ་ཆགས་ཡོད་པས། སྔོན་རྩིས་གྲོས་ཚོགས་ཀྱི་སྐབས་སུ་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་པར་གོ་བསྡུར་གནང་རྒྱུ་ཡིན་པ་གསལ་བཤད་གནང་གི་འདུག

དེ་ལ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་མཐར་ཕྱིན་ལགས་ནས་ལས་རིམ་རྣམ་བཞག་ཞུས་ཏེ། བཅའ་ཁྲིམས་ཀྱི་དགོངས་དོན་ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་འོས་འདེམས་སུ།ལས་རིམ་ནང་ངེས་པར་གསང་བའི་བཟོ་བྱས་ནས་ལས་དོན་གཞན་གྱི་ཆེད་ཟུར་བཅད་ཟེར་དགོས་དོན་ཅི་ཡིན་དང་། ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ལ་སྤྱི་འཐུས་རྒྱུན་ལས་བཀའ་བསྡུར་གྱིས། བཅའ་ཁྲིམས་བསྐྱར་བཅོས་འཁུར་གྱི་ཡིན་ཟེར་བ་ཆོག་གི་ཡོད་ནའང་། ཁྲིམས་ཞིབ་ཁང་བརྒྱུད་ནས་འཛིན་སྐྱོང་ནས་ཀྱང་ཡོང་ཆོག་པ་སོགས་ཡོད་པས། ངེས་པར་རྒྱུན་ལས་ནས་འཁུར་དགོས་མཐོང་གི་མེད་པ་གསུང་ཡོད་ཅིང་། དེ་ལ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། ལས་དོན་གཞན་གྱི་ཆེད་དུས་ཚོད་ཟུར་བཅད་ཟེར་བ་དེ་སྔོན་མ་ནས་ལམ་ལུགས་ཡོད་པ་དང་། གནད་དོན་འདི་ཁ་གསལ་གྱིས་བྲིས་ན་བར་སྐབས་མི་འགྲོ་རག་མིན་གྱི་གནས་སྟངས་བྱུང་བར་བརྟེན། ཅུང་ཟད་སྟབས་མི་བདེ་བར་མཐོང་ནས་ཞུས་ཡོད་ནའང་། བཀའ་བློན་འོས་འདེམས་བྱེད་ཕྱོགས་ལས་རིམ་ནང་ཁ་གསལ་ཡོང་རྒྱུ་ཡིན་པ། འཆར་འབུལ་ཚོགས་ཆུང་གིས་ཡིག་ཆུང་ཕུལ་བའི་རྗེས་འབྲེལ་གྲོགས་ཚོགས་དང་འབྲེལ་བ་དེ། རྒྱུན་ལས་དང་ཡང་ན་གྲོས་ཚོགས་དང་བཀའ་བསྡུར་གྱིས་ཐག་གཅོད་གནང་རྒྱུ་སྙན་གསན་ཞུས་པ་མ་གཏོགས། དེ་ལས་གཞན་པའི་བརྒྱུད་ལམ་མེད་པར་ཚོགས་གཙོས་གང་ཡང་ཐག་བཅད་མེད་ཅེས་ལན་འདེབས་གནང་ཡོད་ཅིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས། སྤྱི་ལོ་༢༠༢༡སྤྱི་ཟླ་༡༡པའི་ཚེས་༡༥ཉིན་བགྲེས་ཡོལ་དངོས་སུ་ཕེབས་པ་ནས་བཟུང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཕྱག་ལས་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎