བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་དེར་མ་དངུལ་དཀའ་ངལ་འཕྲད་པ།
2008.05.22
༄༅༎བཞུགས་སྒར་རྡ་རམ་ས་ལར་གོ་སྒྲིག་ཞུ་རྒྱུའི་བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཞེས་པ་དེར་མ་དངུལ་དང་ཆབ་སྲིད་གཉིས་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎
ད་རིང་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཞེས་པའི་ལས་འགུལ་འགོ་འཛུགས་གནང་གི་ཡོད་པ་དང་ རྩེད་འགྲན་ནང་མཉམ་བཞུགས་གནང་མཁན་རྒྱ་གར་དང་བལ་ཡུལ་སོགས་ཡུལ་ཁག་ནས་བོད་རིགས་རྩེད་འགྲན་པ་༢༣ ཕེབས་ཡོད་པ་རེད་ ལས་འགུལ་གོ་སྒྲིག་ཞུ་མཁན་བོད་རིགས་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཞེས་པ་འདི་བཞིན་འདི་ལོ་རྒྱ་ནག་ནང་ཚུགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་སྟབས་བསྟུན་སྟེ་ རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་ ཕྱིའི་ཡུལ་ཁག་ཏུ་གནས་པའི་ན་གཞོན་བོད་རིགས་རྩེད་འགྲན་པ་རྣམས་ལ་འགྲན་རྩོད་ཀྱི་གོ་སྐབས་ཕུལ་རྒྱུའི་ཡིན་སྐོར་གསུང་གི་ཡོད་པ་རེད་ བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་ཞེས་པ་འདིའི་ཐོག་ བཞུགས་སྒར་རྡ་རམ་ས་ལར་བོད་རིགས་རྩེད་འགྲན་པ་༢༣ རྣམས་དབར་མཆོངས་རྒྱུགས་འཕེན་གསུམ་ལ་སོགས་པའི་རྩེད་མོའི་རྣམ་གྲངས་༨ གྱི་ཐོག་འགྲན་བསྡུར་གནང་རྒྱུ་དང་ མཐའ་མའི་རྒྱལ་ཁ་བཞེས་མཁན་རྩེད་འགྲན་པ་ཨང་དང་པོར་རྒྱ་གར་གྱི་སྒོར་འབུམ་གཅིག་དང་ཨང་གཉིས་པར་སྒོར་༥༠༠༠༠ སོགས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་ ཡིན་ཡང་དེ་རིང་རྩེད་འགྲན་དངོས་གཞི་འགོ་འཛུགས་རན་ཡོད་ནའང་ ལས་འགུལ་འདིའི་ཐོག་བོད་གཞུང་དང་དེ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་ནས་དཔལ་འབྱོར་གྱི་རྒྱབ་གཉེར་དང་མཐུན་འགྱུར་འདེངས་ངེས་མེད་པའི་རྐྱེན་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་ དེ་ཡང་བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་གི་ལས་དོན་ནང་དང་བླངས་རྩིས་པ་གནང་མཁན་ཨོསི་ཀྲེ་རི་ལི་ཡའི་བེུད་ ཀེ་ཐི་རིན་ཤོཛེ་ ཞུ་བས་གསུང་ན་ འདེངས་ངེས་བཞིན་པའི་མ་དངུལ་མེད་པའི་གནད་དོན་གྱིས་རྩེད་འགྲན་ཚགས་ཚུད་ལ་འགོག་རྐྱེན་བཟོ་གཞི་ཆགས་ཡོད་པ་དང་ ཁོང་རྣམས་པས་ཁ་ཆ་དགོས་གཏུགས་ཀྱི་འགྲོ་འགྲོན་མ་གཏོགས་དེ་མིན་འགྲོ་སོང་ལ་བསྲི་ཚགས་གང་ཐུབས་གནང་གི་ཡོད་སྐོར་གསལ་འདོན་གནང་འདུག་ལ་ ཡང་རྩེད་འགྲན་གོ་སྒྲིག་ཞུ་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་ བོད་ཀྱི་ཨོ་ལིམ་པིག་རྩེད་འགྲན་གྱི་འཆར་འགོད་འགྲོ་སོང་རྒྱ་གར་གྱི་མ་དངུལ་ས་ཡ་གཉིས་ཙམ་ཡིན་ཡང་ དངོས་སུ་ལག་ཏུ་སྒོར་༤༠༠༠༠ཙམ་ལས་མེད་པའི་གནས་སྟངས་འགྲེལ་བརྗོད་གནང་འདུག་༎