བོད་མི་ལུས་རྩལ་བ་ཤེས་རབ་འཚོ་ཡིས་གསེར་གྱི་རྟགས་མ་བླངས་འདུག
2018.10.18
བོད་མི་ལུས་རྩལ་བ་ཤེས་རབ་འཚོ་ཡིས་ན་གཞོན་ཨོ་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་བླངས་བར་ཡུལ་མི་གཙོས་བོད་མི་ཚོས་དགའ་བསུ་བྱས་འདུག
དེ་ཡང་དེང་སྐབས་(Argentina)རྒྱལ་ཁབ་དབྱར་དུས་ན་གཞོན་(Olympic)རྩེད་འགྲན་སྐབས་གསུམ་པ་འཚོགས་བཞིན་པ་ལྟར། ཕྱི་ཟླ་བཅུ་པའི་ཚེས་༡༦ ཉིན་རིང་ཚད་མི་ཀྲར་ལྔ་སྟོང་གི་བུད་མེད་ཀྱི་བང་རྒྱུགས་འགྲན་བསྡུར་ནང་། ཤེས་རབ་འཚོ་ནས་འགྲན་བསྡུར་ཐེངས་གཉིས་པའི་སྐབས་མགྱོགས་ཚད་སྐར་མ་༢༢ དང་སྐར་ཆ་༢༣ ཐོག་ནས་ཨང་རིམ་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུག དེ་ནི་ན་གཞོན་གྱི་(Olympic)རྩེད་འགྲན་ནང་བོད་མི་ཞིག་གིས་གསེར་གྱི་རྟགས་མ་བླངས་པ་ཐེངས་དང་པོ་ཡིན་པ་དེ་ལོ་རྒྱུས་གསར་པ་ཞིག་ཆགས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གི་ཕ་མ་དང་སྤུན་གཉེན་ངོ་ཤེས་སྡེ་བའི་མང་ཚོགས་གཙོས་བོད་མི་ཚོས་དགའ་ཚོར་དང་བཅས་དགའ་བསུ་བྱེད་བཞིན་པ་ཁོང་དང་སྡེ་བ་གཅིག་ཡིན་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་འགྲལ་བརྗོད་བྱས་ཡོད།
ཤེས་རབ་འཚོ་ནི་མཚོ་སྔོན་མང་ར་ནས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཐེ་ལན་ཊའི་(Thailand)ནང་འཚོགས་པའི་ཨེ་ཤེ་ཡའི་ན་གཞོན་རྩེད་འགྲན་ནང་མི་ཀྲར་ལྔ་སྟོང་གི་བང་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་དང་། ད་རེས་(Argentina) ནང་རྒྱང་ཐག་མི་ཀྲར་ལྔ་སྟོང་གི་བང་རྒྱུགས་འགྲན་བསྡུར་ནང་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་ཁྱོན་རྩེད་འགྲན་པ་ ༢༦ མཉམ་ཞུགས་བྱས་པའི་ཁྲོད་ཤེས་རབ་འཚོ་ཡིས་ཨང་དང་པོ་དང་། ཨང་གཉིས་པ་(Mexico)བོུ་ཞིག་དང་། ཨང་གསུམ་པ་(Greece)་བོུ་ཞིག་བཅས་ལ་ཐོབ་ཡོད་པ་རེད།
དབྱར་དུས་ན་གཞོན་གྱི་Olympic རྩེད་འགྲན་སྐབས་གསུམ་པ་དེ་༢༠༡༨ལོའི་ཕྱི་ཟླ་༡༠པའི་ཚེས་༦ནས་ཚེས་༡༨བར་Argentinaའི་ནང་འཚོགས་བཞིན་པ་དེའི་ནང་རྒྱལ་ཁབ་དང་ས་གནས་༢༠༠ ལྷག་གི་རྩེད་འགྲན་པ་མི་གྲངས་སུམ་སྟོང་བརྒྱད་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། རྩེད་འགྲན་ནང་ཞུགས་མཁན་ཚང་མ་ལོ་༡༥ ནས་༡༨ བར་ཡིན་ཞིང་། ན་གཞོན་Olympic རྩེད་འགྲན་ཞེས་བ་དེ་ནི་རྒྱལ་སྤྱིའི་Olympic རྩེད་འགྲན་ཚོགས་པ་ནས་བཀོད་སྒྲིག་བྱས་པའི་རྒྱལ་སྤྱིའི་རྩེད་འགྲན་ཞིག་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན་དང་ཀུན་བཟང་བསྟན་འཛིན།