བོད་དཀར་མཛེས་སུ་ཞི་རྒོལ་བ་བཙུན་མ་ཞིག་འདས་གྲོངས།
2009.12.07
༄༅༎བོད་ཤར་ཕྱོགས་ཁམས་དཀར་མཛེས་ཁྲོམ་གཞུང་ནང་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བཞི་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྐབས་འཛིན་བཟུང་བཙོན་འཇུག་བྱས་པའི་བཙུན་མ་ཞིག་བཙོན་ཁང་ནང་རེས་གཟའ་ཉི་མའི་སྔ་དྲོར་ཚེ་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་འདུག་ བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀྲི་ཧོར་སྐྱིད་སྡུག་གིས་ཕ་ཡུལ་དྲ་གནས་ལ་བསྒྲགས་གཏམ་ཞིག་གནང་བའི་ནང་གསལ་ལྟར་ན་ཁམས་དཀར་མཛེས་ཁུལ་གྱི་ལམ་གྲགས་བཙུན་དགོན་ནས་ཡིན་པའི་རང་ལོ་༣༣་ལ་སོན་པའི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་དང་བཙུན་མ་བསོད་ནམས་དབྱངས་ཅན་ལགས་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བཞི་ཉིན་དཀར་མཛེས་ཁྲོམ་གཞུང་ནང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་མི་རྣམས་ལ་ཆོས་དད་རང་དབང་དགོས་པ་ རྒྱ་མི་བོད་ནས་རང་ཡུལ་རྒྱ་ནག་ལ་ཕྱིར་ལོག་དགོས་པ་སོགས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་དུས་མཚུངས་བོད་རང་བཙན་སོགས་འཁོད་པའི་ཡིག་ཆ་གཏོར་བའི་སྐབས་སུ་དྲག་ཆས་གོ་མཚོན་ཐོགས་པའི་རྒྱ་མིའི་ཉེན་རྟོག་མི་སྣ་ལྔ་བཅུ་ལྷག་གིས་བཙུན་མ་གཉིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚོད་མེད་བཏང་བའི་རྗེས་སུ་ཉེན་རྟོག་མི་སྣའི་སྣུམ་འཁོར་ནང་བཅུཌ་ནས་འཁྲིད་འདུག་ ཉིན་དེའི་མཚན་མོར་རྒྱ་མིའི་ཉེན་རྟོག་མི་སྣས་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ཀྱི་ཁྱིམ་ཚང་བསྡོགས་བཤེར་བྱེད་སྐབས་༧གོང་ས་མཆོག་གི་སྐུ་པར་འཕྲོག་པ་མ་ཟད་ ཡུལ་གྱར་ཏཱ་ལའི་ཁ་བྲལ་རིང་ལུགས་པ་དང་འབྲེལ་བ་ཡོད་ལུགས་ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་སྤུན་མཆེད་རྣམས་ལ་ཁ་རྡུང་དྲག་པོ་བཏང་བ་མ་ཟད་ ཚེས་ཉི་ཤུ་བཞི་ཉིན་ཁོང་གི་གཅེན་པོ་ཚང་དབྱངས་རྒྱ་མཚོ་ལགས་ས་གནས་རྒྱ་མིའི་ལས་ཁུངས་ལ་བཀུག་ནས་ཆུ་ཚོད་མང་པོའི་རིང་འདྲི་རྩད་ཚ་ནན་བྱས་འདུག་ལ་ ཡང་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་དཀར་མཛེས་འབྲིང་རིམ་ཁྲིམས་ཁང་ལ་བརྩིས་སྤྲོད་བྱས་འདུག ཡིན་ནའི་ཁྲིམས་ཁང་དེས་ཁོང་ལ་ཉེས་ཆད་ག་རེ་བཏང་ཡོད་མེད་ཤེས་རྟོགས་བྱུང་མིན་འདུག་ བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རྒྱ་གར་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ལ་རྒྱ་མིའི་བཙོན་སྲུང་བ་ཚོས་ཡ་ང་སྙིང་རྗེ་རྩ་བ་ནས་མེད་པར་ཉེས་རྡུང་ལ་སོགས་པའི་སྡུག་སྦྱོང་མནར་བཅོད་ཚོད་མེད་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པར་ཡིད་ཆེས་གནང་གི་ཡོད་སྐོར་གསུངས་འདུག དེ་རིང་དགོང་དྲོ་བོད་ཀྱི་བེུད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་ཚེ་འདས་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ལ་མྱ་ངན་གུས་བཏུད་ཞུ་རྒྱུའི་སླད་དུ་བཞུགས་སྒར་རྡ་རམ་ས་ལའི་མེཏ་ལོར་གཱན་ཇི་ཁྲོམས་གཞུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པའི་གནས་ཚུལ་འདུག།