འཛིན་བཟུང་བྱས་བའི་ནོར་བཟང་ལགས་ཀྱི་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག


2019.10.15
སྲ་བྷ་གྲོང་ཚོ་དང་ནོར་བཟང་ལགས། ༼ཟླ་དུས་མི་གསལ། སྲ་བྷ་གྲོང་ཚོ་དང་ནོར་བཟང་ལགས། ༼ཟླ་དུས་མི་གསལ།
བོད་འབྱོར།

ཉེ་ལམ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ནག་ཆུ་ཕྱོགས་ནས་འཛིན་བཟུང་བྱས་པའི་བོད་མི་དྲུག་གི་ཁྲོད་ནས་གཅིག་གི་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་མ་སླེབས་གོང་སྤྱི་ཟླ་༩་ཚེས་༢༠་ཡས་མས་ལ། རྒྱ་ནག་ས་གནས་སྲིད་གཞུང་གི་ལས་བྱེད་མི་སྣ་ནག་ཆུ་ཕྱོགས་སུ་སྐོར་བསྐྱོད་ལ་ཡོང་ནས། བོད་མི་སྨན་པ་ཚེ་རྒྱལ་དང་། ཡར་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་བསྡོམས་པས་མི་དྲུག་ལ་སློབ་གསོ་སྤྲོད་རྒྱུ་ཡིན་ལུགས་བཤད་དེ། རྟར་ཆེན་ཡུལ་ཚོའམ་ཤང་ལ་བཙན་ཁྲིད་བཀག་ཉར་བྱས་ཡོད་པ་དང་། རྗེས་སུ་ཁོང་ཚོའི་ཁྲོད་ཀྱི་མི་ལྔ་རིམ་པས་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟ་རང་ལོ་༣༥་ཙམ་ཡིན་པའི་ནོར་བཟང་ལགས་སྤྱི་ཟླ་༩་ཚེས་༢༧་ཕྱི་དྲོ་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ནས་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་གནས་ཚུལ་ངོ་སྤྲོད་པ་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་སོང་།
གོང་གི་བོད་མི་དྲུག་པོ་འཛིན་བཟུང་བྱེད་དོན་ནི། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་གཞུང་བཙུགས་ནས་ལོ་ངོ་ ༧༠ ་འཁོར་བའི་དུས་སྟོན་དང་བསྟུན། བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ། དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས་སྐོར་བཙན་སྐུལ་བྱས་པ་དྭང་ལེན་མ་བྱས་པ་སོགས་ཀྱིས་འཛིན་བཟུང་བྱས་བ་ཡིན་འདུག
ད་དུང་གནས་ཚུལ་ངོ་སྤྲོད་པས་གསུངས་ན། ནོར་བཟང་ལགས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ནས་བཟུང་། ས་གནས་རྒྱ་ནག་སྲིད་གཞུང་གི་ཉེན་རྟོག་མི་སྣའི་རླངས་འཁོར་ལྔ་དྲུག་ཙམ། ནོར་བཟང་གི་ཁང་པའི་ཉེ་འཁོར་སྲ་བྷ་གྲོང་ནང་ལ་སྐོར་བསྐྱོད་བྱས་བ་དང་། ཉེན་བརྡའི་གློག་བཅས་སྤར་ནས་དམངས་ཚོགས་ལ་རྫིག་ཉམས་སྟོན་བཞིན་པ་དང་། དེ་བཞིན་ཉེ་བའི་ནག་ཆུ་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་མི་སྣས་གྲོང་ཚོ་ཁག་ལ་སྐོར་བསྐྱོད་བྱེད་བཞིན། གྲོང་མི་རྣམས་འདུ་སྐོང་གིས་རྒྱ་ནག་གཞུང་གི་ཁྲིམས་དང་སྒྲིག་གཞི་མཚོན་པའི་སློབ་གསོ་ལས་འགུལ་སྣ་ཚོགས་སྤེལ་བ་མ་ཟད། འདྲི་རྩད་སྣ་ཚོགས་བྱས་བ་བརྒྱུད། རེ་འགའ་ལ་རྣམ་འགྱུར་ཡག་པོ་མེད་པ་ཁ་གཡར་ཏེ་བསུན་པོ་བཟོ་བཞིན་པ་སོགས་ངོ་སྤྲོད་གནང་གི་འདུག
སྤྱིར་བཏང་རྒྱ་ནག་གཞུང་གིས་ལོ་སྔོན་མ་ནས་བཟུང་བོད་ཀྱི་ས་ཁུལ་གང་སར་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་སྤེལ་ནས་རེ་འགའ་ལ་བྱ་དགའ་སྤྲད་པ་དང་། རེ་འགའ་ལ་ཆད་པ་རྒྱབ་པ་སོགས་བྱས་ནས་བོད་མི་ནང་ཁུལ་ལ་མི་མཐུན་པའི་རྙོག་དྲ་ཆགས་བཞིན་ཡོད་པ་ཡང་ངོ་སྤྲོད་གནང་བྱུང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎