བོད་ནང་དྲང་བདེན་མེད་པའི་ཁར། སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ།

2022.07.17
བོད་ནང་དྲང་བདེན་མེད་པའི་ཁར། སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ། རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་བརྩི་བྱེད་བཞིན་པའི་པར་རིས། ༢༠༢༢།༠༧།༡༧
Photo/RFA

ཕྱི་ལོ་༢༠༢༢ ཟླ་བ་ ༧ པའི་ཚེས་༡༧ ཉིན་ཏེ། རྒྱལ་སྤྱིའི་དྲང་བདེན་ཉིན་མོར། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ཐུན་མོང་ནས་བཞུགས་སྒར་མེག་ལོཌ་ཏུ་བོད་ནང་དྲང་བདེན་མེད་པའི་ཁར། སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་གནང་སོང་།

ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་ནང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་པའི་གར་སོང་ཆ་མེད་དུ་གྱུར་བ་རྣམ་པ་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམ་པ། དེ་བཞིན་ཉེ་ཆར་འདས་གྲོངས་སུ་ཕྱིན་པའི་དཔའ་བོ་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་གཙོས་ཞི་བའི་ལས་འགུལ་བ་རྣམས་ལ་དྲང་བདེན་མེད་པའི་ཁར། སྡུག་སྦྱོང་མནར་གཙོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ཡོད་པ་སོགས་ཀྱི་དབང་གིས་ད་བར་བོད་མི་༡༥༩ ཡིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་མ་བྱེད་ཐབས་མེད་བྱུང་ཡོད་པ་འཁོད་འདུག

སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁ་ནས་དྲང་བདེན་དང་འདྲ་མཉམ་བརྗོད་པ་ཙམ་ལས། དོན་དངོས་ཐོག་རྒྱ་ནག་ནང་དོན་དམ་པའི་ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་ཞིག་མེད་ཅེས་འགྲེལ་བརྗོད་གནང་བྱུང་། 

ཡང་ད་རེས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདིའི་བསྒྲགས་གཏམ་ནང་། བོད་ནང་བོད་མི་ཚོར་རང་གི་དད་མོས་བྱ་ཡུལ་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་བྱེད་མཁན་ཚོ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་ཡིན་ཞིང་། དཔེར་ན། ཉེ་ལམ་གསར་དུ་ཐོན་པའི་གནས་ཚུལ་ཞིག་ནི་ནག་ཆུ་ཁུལ་གྱི་བུ་མོ་འཛུམ་དཀར་དང་གཡུ་སྒྲོན་རྣམ་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ཉར་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

ད་རེས་ལས་འགུལ་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་སྣེ་ཁྲིད་པའི་སྲིད་གཞུང་འོག་དྲང་བདེན་མེད་པའི་སྐོར་གཏམ་བརྗོད་ཐུང་ངུ་ཞིག་འཁྲབ་སྟོན་གནང་ཞིང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བསྟན་འཛིན་པ་སངས་ལགས་ཀྱིས། ད་ལྟའི་རྒྱ་ནག་གཞུང་ནི་འཛམ་གླིང་སྤྱིའི་ཡོངས་ཀྱི་མི་མང་ཚོའི་དྲང་བདེན་དང་འདྲ་མཉམ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཉེན་ཁ་བཟོས་མཁན་དེ་ཡིན་པ་གཏམ་བརྗོད་འདིའི་ལམ་ནས་གསལ་སྟོན་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་། 

གཞི་རྩའི་ཆ་ནས་རྒྱལ་སྤྱིའི་དྲང་བདེན་ཉིན་མོའི་དམིགས་ཡུལ་གཙོ་བོ་ཞིག་ནི། འཛམ་གླིང་གི་མི་མང་ཚོ་དྲང་བདེན་གྱི་ཕྱོགས་ལ་བསྐྱོད་རྒྱུའི་སེམས་ཤུགས་སྦྱིན་རྒྱུ་དེ་ཡིན་ཞིང་། ལྷག་པར་དུ་དྲང་བདེན་མེད་པར་གང་བྱུང་བཙོན་འཇུག་བྱས་པ་དང་། མནར་གཅོད་བཏང་བ། དེ་བཞིན་རིགས་རྒྱུད་རྩ་མེད་དུ་གཏོང་བའི་སྲིད་བྱུས་འཛིན་མཁན་ཚོར་ཐེར་འདོན་བྱ་རྒྱུ་དེ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎