བོད་མི་ལས་འགུལ་བ་རྣམས་ནས་ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་མི་རྣམས་ནས་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་གསུང་གི་འདུག

ཟླ་ ༣ པའི་ཚེས་ ༡༠ ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས། དེ་སྔ་སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་གནང་སྟེ་མི་ལོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་གནང་གི་ཡོད་པ་བཞིན། ཐའི་ཝན་དང་། ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་ (Canberra) དང་གྲོང་ཁྱེར་སིཌ་ནི་ (Sydney) སོགས་སུ་ས་གནས་སོ་སོའི་སྐུ་ཚབ་དོན་ཁང་དང་། བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་གུལ་སྤེལ་འདུག
དེ་ཡང་ཨོ་གླིང་གི་རྒྱལ་ས་ཁེན་བྷིར་རའི་ས་གནས་སུ་གནད་བསྡོད་བོད་མི་རྣམས་དང་། ནའོ་ར་ (Nowra) དང་ཝ་ག་ཝག་ (Wagga Wagga) ས་གནས་གསུམ་ཐུན་མོང་ནས་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ཁན་བྷི་རར་རྟེན་གཞིས་བྱས་པའི་མངའ་སྡེའི་གཞུང་གི་གྲོས་ཚོགས་ཀྱི་མདུན་ཐང་ནས་འགོ་འཛུགས་ཀྱིས་རྒྱལ་ཨོ་གླིང་གྲོས་ཚོགས་ཀྱི་མདུན་ཐང་བར་ཞི་བའི་གོམ་བགྲོད་གནང་འདུག་ཅིང་། སྐབས་དེར་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མངའ་སྡེའི་གཞུང་གི་ལྗང་ཁུ་སྲིད་དོན་ཚོགས་པའི་མཐུས་མི་ཤེན་རོ་ཊེན་བྷུ་རི་ (Shane Rattenbury) ལགས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་སྐབས་ཁོང་ནས་མུ་མཐུད་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་གནང་ཡོད། དེ་བཞིན་རྒྱ་ནག་གཞུང་ཚབ་ཀྱི་མདུན་ཐང་དུ་ཨོ་གླིང་དུ་གནས་སྡོད་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་བསམ་བརྟན་ལགས་ཀྱིས། རྒྱ་ནག་གཞུང་ཚབ་ཀྱི་རྒྱལ་སྒོའི་ནང་དུ་རྒོལ་མཆོངས་ཀྱིས་སེམས་ཚོར་དྲག་པོའི་ངང་ངོ་རྒོལ་སྐད་འབོད་སོགས་གནང་བཞིན། ཐེངས་འདིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཐོག་ཨོ་གླིང་ནང་གནས་སྡོད་བོད་རིགས་གཞོན་སྐྱེས་དང་མི་རབས་གསར་པ་རྣམས་ལ་བོད་ཀྱི་འཐབ་རྩོད་ལ་དམིགས་བསལ་ཀྱི་དོ་སྣང་དང་བརྡ་ལན་སྤྲོད་ཐུབ་པ་བྱུང་ཡོད་སྐོར་ཨོ་གླིང་སྐུ་ཚབ་དོན་ཁང་གི་དྲུང་ཡིག་འཇིགས་མེད་པ་སངས་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། གཞན་ཡང་ཁན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་འཇིགས་མེད་གོ་ཆ་ལགས་ཀྱིས་གསུང་དོན་ལ། ལོ་ལྟར་བཞིན་ཨོ་གླིང་ནང་ས་གནས་མི་འདྲ་བ་གསུམ་ཐུན་མོང་གིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མི་སྲུང་བརྩི་ཞུ་གི་ཡོད་པ་བཞིན། ཐེངས་འདིར་ཨོ་གླིང་རྒྱལ་ས་ཁན་བྷེ་རའི་ནང་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་གནང་བའི་སྐབས་ས་གནས་ཀྱི་རྒན་གཞོན་བར་གསུམ་ཀྱི་བོད་མི་དང་། ལྷག་པར་དུ་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་ནས་ཀྱང་མཉམ་ཞུགས་ཀྱིས། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བོད་ཀྱི་འཐབ་རྩོད་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ཀྱི་མདུན་ཐང་དུ་བོད་ཀྱི་སྐད་དང་། རིག་གཞུང་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་གནད་དོན་ཐད་ཞི་བའི་ཐོག་ནས་འབོད་སྐུལ་ཞུས་ཡོད་པས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་མི་རྣམས་ནས་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨོ་གླིང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་ཏེ། ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱི་ཁྱོན་ཡོངས་ལ་ངོ་སྤྲོད་གནང་རྒྱུར་ཉིན་གལ་ཆེན་ཞིག་ཆགས་ཀྱི་ཡོད་ལ། ལྷག་པར་ད་ལྟའི་བོད་ཀྱི་མི་རབས་གཞོན་པ་རྣམས་ཀྱིས་མི་རབས་རྒན་པ་རྣམས་ནས་མི་ལོ་མང་པོའི་རིང་བོད་ཀྱི་འཐབ་རྩོད་ཐད་སྐུ་ལས་སྐྱོན་པ་རྣམས་ཐུགས་ལ་དྲན་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་དེ་བཞིན་རྒྱུན་སྐྱོང་དགོས་པ་ཡིན་ཞེས་གསུང་གི་འདུག ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དང་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལས་ཀྱིས། ཐེངས་འདིར་ཨོ་གླིང་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤེལ་དགོས་པའི་གལ་གནད་གཙོ་བོ་ནི། བོད་དོན་སླད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་རྗེས་སུ་དྲན་པའི་ཐོག་ནས། མི་རབས་གསར་པ་རྣམས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགན་རྒྱུད་སྤྲོད་བྱ་རྒྱུའི་ཆེད་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཐེངས་འདིར་ཐེ་ལྦན་དུའང་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་ཡོད་སྐོར་དང་འབྲེལ། ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཐེ་ཝན་བོད་རིགས་མཐུན་ཚོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གཅིག་ཐུན་མོང་གིས་གོ་སྒྲིག་འོག ལས་འགུལ་བ་རྣམས་ནས་ཐེ་ཝན་མེ་འཁོར་འབབ་ཚུགས་ཤིག་ནས་འགོ་འཛུགས་ཀྱིས། རིམ་བཞིན་ཐེ་ཝན་གྱི་ཁྲོམ་གཞུང་གལ་ཆེ་བ་མང་དག་ཅིག་བརྒྱུད། ཐེ་ལྦན་གྱི་རྒྱ་ནག་དངུལ་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ཐེ་ཝན་ནང་རྟེན་གཞི་བྱས་པའི་ཐེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ཁག་ཅིག་མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་གནས་སྟངས་དེ་བཞིན། མ་འོངས་ཐེ་ཝན་དུ་མི་འཕྲད་སླད་ཐེ་ཝན་གཞུང་མང་ཡོངས་ནས་བོད་ཀྱི་འཐབ་རྕོད་ཐད་དོ་སྣང་བྱ་དགོས་གལ་ཧ་ཅང་ཆེན་པོ་ཡིན་སྐོར་དང་། ཁོང་རྣམས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་གསུངས་ཀྱི་འདུག་ལ། ཐེ་ལྦན་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཐོག་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་ ༥༠༠ ལྷག་ཙམ་ནས་མཉམ་ཞུག་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་དང་བོད་མི་རྣམས་ཀྱིས་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་རང་དབང་སྒེར་ལངས་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དང་། དེའི་རྗེས་སུ་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་བརྒྱད་ཁྲི་ལྷག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་དེ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་གི་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོ་ནི་བོད་མིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༦ འཁོར་བའི་དུས་དྲན་ཡིན་ཞིང་། བོད་མི་བཙན་བྱོལ་བའི་མི་ཐོག་དང་པོ་དེ་རྫོགས་ལ་ཉེ་ནའང་། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་གཞོན་རབས་པའི་དཔུང་སྡེ་གསར་པ་ཞིག་གིས་མུ་མཐུད་དུ། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲོག་རྩ་རྒྱུན་བསྲིང་གིས་བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་མི་གནས་སྡོད་ཀྱི་འཛམ་གླིང་ཡུལ་གྲུ་འདྲ་མིན་ཏེ་ཨ་རི་ནས་ཡོ་རོབ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དྲན་སྲུང་བརྩིའི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།