བོད་རིགས་ཁ་ཆེའི་སློབ་ཕྲུག་ཁག་ཅིག་བཞུགས་སྒར་དུ་ཤེས་ཡོན་སྐོར་བསྐྱོད་དུ་ཕེབས་པ།


2018.12.19
བཞུགས་སྒར་དུ་བོད་རིགས་ཁ་ཆེའི་སློབ་ཕྲུག་ཁག་ཅིག་ཤེས་ཡོན་སྐོར་བསྐྱོད་དུ་ཕེབས་པ། རྒྱ་གར་བྱང་ཕྱོགས་གྱི་ཇ་མུ་དང་ཀཤ་མིར་ནང་ཡོད་པའི་བོད་རིགས་ཁ་ཆེའི་སློབ་པྲུག་༡༥བཞུགས་སྒར་རྡ་རམ་ས་ལར་ཤེས་ཡོན་སྐོར་བསྐྱོད་དུ་ཕེབས་པ།
བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༡༨ སྤྱི་ཟླ་༡༢ པའི་ཚེས་༡༨ ཉིན་པར་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་དང་དུ་བླངས་ཏེ་རྒྱ་གར་བྱང་ཕྱོགས་གྱི་ཇ་མུ་དང་ཀཤ་མིར་ནང་ཡོད་པའི་བོད་རིགས་ཁ་ཆེའི་སློབ་པྲུག་༡༥དང། ཀཤ་མིར་ནས་ཡིན་པའི་དགེ་རྒན་ཅིག་བཅས་ཁྱོན་མི་གྲངས་༡༦ རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་སྣེ་ཁྲིད་གནང་དེ། དབུས་བོད་མིའི་སྒྲིག་འཛུགས་དང། དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་རུ་རྟེན་གཞི་བྱས་པའི་བོད་པའི་ཚོགས་སྡེ་ཁག་དང། སློབ་གྲྭ་ཁག་སོགས་ངོ་སྤྲོད་གནང་གི་ཡོད་པ་རེད།

དེ་ཡང་སློབ་ཕྲུག་དེ་རྣམས་ནི་རྒྱ་གར་གྱི་མངའ་སྡེ་ཇ་མུ་ཀཤ་མིར་གྱི་གྲོང་ཁྱེར་(Srinagar) རུ་རྟེན་གཞི་བྱས་པའི་ཤྲི་ན་གར་བོད་རིགས་སློབ་གྲྭའམ་(Tibetan Public School) ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་དང། བཞུགས་སྒར་རྡ་རམ་ས་ལ་ནང་ཐེངས་དང་པོ་ཕེབས་ཏེ་རང་རེའི་མི་རིགས་གཅིག་པ་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་འཛིན་རིམ་བཅུ་པའི་སློབ་མ་(Usmar) ལགས་ཀྱིས་གསུངས་ཀྱི་འདུག

ཁ་སང་ང་ཚོ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཚོ་དང་མཉམ་དུ་ཐུག་འཕྲད་བྱུང་སོང་། སྐབས་དེར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཚོ་ཁ་གསང་པོ་དང། ཁོང་ཚོའི་སྒྲིག་འཛུགས་ཧ་ཅང་ཡག་པོ་འདུག སོ་སོའི་མི་རིགས་གཅིག་པ་ཐུག་འཕྲད་བྱུང་བ་མ་ཟད་བོད་རིགས་གསར་པ་མང་པོ་དང་ལྷན་དུ་ཐུག་འཕྲད་དང། ལྷག་པར་དུ་བཞུགས་སྒར་རྡ་རམ་ས་ལ་ཕེབས་ཏེ། ང་དང་འདྲ་བའི་བོད་རིགས་མང་པོ་ལྷན་དུ་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག

སྐབས་དེར་ཤྲི་ན་གར་བོད་རིགས་སློབ་གྲྭའི་འགན་འཛིན་མ་སུཐ་སྦཌ་ལགས་ཀྱིས་བོད་རིགས་ཁ ཆེའི་སློབ་ཕྲུག་གི་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་གཞི་སྐོར་ལ་གསུངས་དོན།

ང་ཚོའི་བཙན་བྱོལ་ལོ་རྒྱུས་ལ་གཞིགས་པ་ཡིན་ན། ཤྲི་ན་གར་བོད་རིགས་ཁ་ཆེ་སློབ་ཕྲུག་ཚོར་རྡ་རམ་ས་ལར་ཤེས་ཡོན་སྐོར་སྐྱོད་ཕེབས་པར་བཙན་བྱོལ་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང། ལས་གཞི་འདིའི་རིགས་ཧ་ཅང་གི་གལ་ཆེ་པོ་རེད། ང་ལྟ་བུ་མཚོན་ན། བཙན་བྱོལ་དུ་སྐྱེས་བའི་བོད་མི་ཞིག་ཡིན་པ་དང། ལྷག་པར་དུ། ང་ཚོ་སློབ་ཕྲུག་འདི་ཚོ་ཚང་མའི་ཕ་མ་ཡང་བཙན་བྱོལ་དུ་སྐྱེས་ཏེ་འཚར་ལོངས་བྱུང་བ་རེད། ང་ཚོའི་སྡོད་གནས་ཀྱང་ཐག་རིང་པོ་ཡོད་སྟབས། མི་དང་མི་བར་འབྲེལ་བ་དེ་ཡང་ཡག་པོ་མེད་པའི་དབང་གིས་སོ་སོའི་སྐད་ཡིག་དང་རིག་གཞུང་གི་ལྟེ་གནས་དེ་རྡ་རམ་ས་ལ་ཡིན་པས། རྡ་རམ་ས་ལ་ངེས་པར་དུ་ཕེབས་དགོས་ཀྱི་འདུག དེའི་བརྒྱུད་ནས་ང་ཚོ་སློབ་ཕྲུག་ཚོ་སོ་སོའི་མི་རིགས་ཀྱི་ཐོག་ལ་བསམ་བློ་ཉེ་རུ་འགྲོ་རྒྱུ་ཉག་ཅིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཤེས་ཡོན་སྐོར་སྐྱོད་འདི་འགོ་འཛུགས་གནང་མཁན་ “ལྷ་ས་ཁ་ཆེ། འདས་ཟིན་པའི་སྤྱི་ཚོགས”ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་པར་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་ཤེས་ཡོན་སྐོར་སྐྱོད་ལས་གཞི་འདིའི་དམིགས་ཡུལ་གཙོ་བོར་ག་ཡིན་པའི་སྐོར་གསུངས་དོན། དམིགས་ཡུལ་གཙོ་བོར་ནི། དེ་སྔོན་ང་ “ལྷ་ས་ཁ་ཆེ། འདས་ཟིན་པའི་སྤྱི་ཚོགས”ཞེས་པའི་དངོས་བྱུང་གློག་བརྙན་འདིའི་ཆེད་དུ་ཀཤ་མིར་རུ་ཕྱིན་པས། སྐབས་དེར་བོད་རིགས་ཁ་ཆེ་ཚོའི་གནས་སྟངས་མཐོང་བའི་སྐབས། ཁོ་ཚོ་བོད་ཀྱི་ལོ་རྒྱུས་ནས་ཁ་བྲལ་ལ་ཉེ་བའི་གནས་སྟངས་ལྟ་བུ་རེད་འདུག ད་དུང་ང་ཚོས་མུ་མཐུད་ནས་དེ་འདྲ་བཞག་པ་ཡིན་ན། བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རིགས་ཁ་ཆེ་ཟེར་བ་འདི་དུས་ནམ་ཡང་ང་ཚོ་སྤྱི་ཚོགས་སུ་ཁ་བྲལ་པའི་གནས་སྟངས་ཤིག་ཏན་ཏན་ཡོང་ས་རེད། དེར་བརྟེན། ང་ཚོ་བོད་རིགས་ཁ་ཆེ་དང། བོད་རིགས་དམངས་ཀྱི་སྤྱི་ཚོགས་གཉིས་ཀྱི་བར་འབྲེལ་ལམ་དེ་བསྐྱར་གསོ་བྱེད་དགོས་ཡག་དེ་ཧ་ཅང་གི་གལ་ཆེ་པོ་ཞིག་མཐོང་དེ་ལས་གཞི་འདི་འགོ་འཛུགས་ཞུས་པ། དེ་ནས་དམིགས་ཡུལ་གཉིས་པ་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དུས་རྟག་ཏུ་ང་ཚོའི་སྤྱི་ཚོགས་ནང་བོད་རིགས་ཁ་ཆེ་ཞབས་འདེགས་ཞུ་མཁན་དགོས་ཀྱི་འདུག་ཅེས་བཀའ་གནང་བ་བཞིན། ཁོང་གི་བཀའ་འདི་སྒྲུབ་པར་ང་ཚོར་ཐབས་ཤེས་གང་ཡོད་རེད་ཟེར་ན། བོད་རིགས་ཁ་ཆེ་སློབ་ཕྲུག་ཚོ་ང་རང་ཚོའི་སྤྱི་ཚོགས་ནང་ཚོར་ཁྲིད་ཡོང་སྟེ། དེའི་ནང་སོ་སོར་གཞུང་དང། འགོ་ཁྲིད་སོགས་མཐོང་པ་ཡིན་ན། ཕྱིན་ཆད་ཁོང་ཚོས་མདུན་ལམ་གྱི་འཆར་གཞི་སྒྲིག་པའི་བརྒྱུད་རིམ་ནང་ལ། དབུས་བོད་མི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུ་མདུན་པ་སླེབས་ཡག་དང། མ་འོངས་པར་ང་ཚོ་བོད་དུ་ཕྱིར་ལོག་བྱས་པ་ཡིན་ན་དེ་སྔོན་ང་ཚོའི་ཞི་མཐུན་གྱི་སྤྱི་ཚོགས་དེ་སླར་གསོ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་མཐོང་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

ད་ལྟའི་ཆར་བོད་རིགས་ཁ་ཆེ་བའི་ཁྱིམ་ཚང་ཁ་ཤས་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་དུ་ཡོད་པ་དང་། ཁ་ཤས་ནི་ལ་དྭགས་དང། རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲོང་སྡེ་ཁག་ཏུ་གནས་སྡོད་བྱེད་བཞིན་ཡོད་འདུག འོན་ཀྱང་། བཙན་བྱོལ་གྱི་བོད་རིཊ་ཁ་ཆེ་མང་ཤོས་ནི་ཇ་མུ་དང་ཀཤ་མིར་གྲོང་ཁྱེར་ཤྲི་ན་གར་ནང་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། དེའི་ཁུལ་དུ་བོད་རིགས་ཁ་ཆེ་༡༣༠༠ལྷག་ཙམ་འཚོ་སྡོད་བྱེད་ཀྱིན་ཡོད། ཁོ་ཚོའི་འཚོ་ཐབས་གཙོ་བོ་ནི་དགུན་ཚོང་དང། ཚེམས་འདྲུབ་བྱས་ཏེ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་སྟོད་ཐུང་སོགས་ཚོང་བཞིན་ཡོད་པ་དང། འདི་ཁུལ་གྱི་མི་མང་རྣམས་དམིགས་བསལ་གྱི་བོད་སྐད་ཡིག་ལ་དོ་སྣང་དང། ལྷག་པར་དུ་ཁྱིམ་ཚང་ནང་དུ་དུས་རྟག་ཏུ། ཕན་ཚུན་དབར་བོད་སྐད་རྒྱག་གི་ཡོད་ཅེས་མ་སུཐ་སྦཌ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག།

གསར་འགོད་པ་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎