རྩོམ་པ་པོ་གྲྭ་སྨོན་ལམ་རྒྱ་མཚོ་ལགས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་གོ་ཐོས་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་མེད་འདུག

2022.12.13
རྩོམ་པ་པོ་གྲྭ་སྨོན་ལམ་རྒྱ་མཚོ་ལགས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་གོ་ཐོས་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་མེད་འདུག རྩོམ་པ་པོ་གྲྭ་སྨོན་ལམ་རྒྱ་མཚོའི་པར་རིས། ཟླ་ཚེས་མི་གསལ།
Tibet express

རྒྱ་ནག་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ནས་ཡིན་པ། རྩོམ་པ་པོ་དང་དགེ་རྒན་གཅིག་ལྕོགས་གྲྭ་སྨོན་ལམ་རྒྱ་མཚོ་ཞུ་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཕྱི་ལོ་༢༠༢༡ཟླ་༦ཚེས་༩ཉིན་འཛིན་བཟུང་བཙན་འཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ཏེ། ད་ལྟའི་ཆར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་མེད་གོ་ཐོས་ཙམ་ལས། ཁོང་ལ་ནག་ཉེས་ག་རེ་གཡོག་ཡོད་དང་ས་གནས་གང་ཞིག་ཏུ་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་སོགས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

རྩོམ་པ་པོ་གྲྭ་སྨོན་ལམ་རྒྱ་མཚོ་ལགས་ནི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་དགེ་རྒན་ཞིག་ཀྱང་ཡིན་པ་དང་། ཁོང་གིས་དེ་སྔ་ཕྱི་ལོ་༢༠༠༧ལོར་བོད་མི་གྲངས་༢༠་ལས་གྲུབ་པའི་ལྷག་བསམ་ཚོགས་ཆུང་ཞེས་པ་ཞིག་གསར་འཛུགས་ཀྱིས། བོད་ཀྱི་ས་ཁུལ་གང་སར་མི་ལོ་དུ་མའི་རིང་མདོ་སྨད་མགོ་ལོག་དང་། རྔ་པ། མཚོ་ལྷོ་ས་ཁུལ། རྒྱལ་མོ་ཚ་བ་རོང་གི་ས་གནས་ཁག་དང་། རྨེ་བ། ཁམས་བདེ་ཆེན་ས་ཁུལ། རྫ་ཆུ་ཁ།སྡེ་དགེ། གསེར་རྟ་སོགས་བོད་ཁུལ་གྱི་ས་གནས་མང་པོར་ཆེད་སྐྱོད་ཀྱིས། གཞི་རིམ་མང་ཚོགས་ལ་གླ་མེད་དང་བླངས་ཀྱིས་བོད་ཀྱི་བརྡ་དག་སོགས་སྐད་ཡིག་རིག་གནས་དང་། ནང་ཆོས་ངོ་སྤྲོད། རྒྱ་ཡིག་དང་སྤྱི་ཚོགས་སློབ་གསོ་སོགས་ཀྱི་ཐད་སློབ་ཁྲིད་བྱས་ཡོད་འདུག་ལ། གནས་ཚུལ་མཁོ་སྤྲོད་པ་གཞན་དེས་རྒྱ་ནག་གཞུང་གིས་ཁོང་གི་ཞིབ་ཕྲའི་གནས་ཚུལ་སོགས་ནང་མི་དང་འབྲེལ་ཡོད་ཚོར་གསལ་བཤད་ཙམ་ཡང་བཤད་ཀྱི་མེད་སྐོར་བརྗོད་བྱུང་།  

གྲྭ་སྨོན་ལམ་རྒྱ་མཚོ་ནི་ཕྱི་ལོ་༡༩༧༦ལོར་སྐྱེས་ཤིང་། ཆུང་དུས་ནས་རགས་བཀྲམ་བྱམས་གླིང་དུ་ཆོས་སྒོར་ཞུགས་ཏེ་བོད་ཀྱི་བརྡ་སྤྲོད་རིག་གནས་དང་སྙན་ངག། ཆོས་སྤྱོད། སྔོན་འགྲོ་བློ་སྦྱོང་གི་ཆོས་སྐོར་སོགས་ལ་སྦྱངས་པ་བྱས། དེའི་རྗེས་སུ་བླ་རུང་ཆོས་སྒར་དུ་སོང་ནས་༧ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་དབུས་སྐྱེས་ཆེན་དམ་པ་དུ་མའི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སྦྱང་བ་བྱས་ཡོད་པ་དང་། ལོ་ཤས་སྔོན་ཁོང་གིས་དབལ་ཤུལ་གསེར་རྟའི་ནུབ་ཕྱོགས་རབ་བཀྲམ་བྱམས་པ་གླིང་གི་ཉེ་འགྲམ་དུ་ཤེས་རབ་བློ་འཕེལ་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་ཀྱིས་སློབ་ཚན་ཆ་བགོས་དང་དཔེ་ཁྲིད་སོགས་སྤྱི་ཡོངས་ཤེས་ཡོན་གྱི་འགན་ཁུར་ཆ་ཚང་བླངས་ཡོད་འདུག

རྩོམ་པ་པོ་དང་དགེ་རྒན་སྨོན་ལམ་རྒྱ་མཚོ་ལགས་སུ་དཔར་སྐྲུན་འགྲེམས་སྤེལ་བྱས་པའི་དཔེ་དེབ་ལ། ཞོགས་ཁའི་སྨྱུག་གླིང་ཁེར་འབུད་དང་། སོ་ཁམ། སྟག་མའི་མེ་ཏོག། ངག་གི་རྩལ། མེ་ལོང་ཆག་རོ་བཅས་ཡོད་པ་དང་། གཞན་ཡང་ཁོང་ཉིད་ནས་ཕྱི་ལོ་༢༠༠༥ལོར་ཁ་བ་ལ་འཁྱུད་པའི་ལྷག་བསམ་ཞེས་པའི་དུས་དེབ་ཅིག་གསར་འདོན་གྱིས་རྩོམ་སྒྲིག་པ་གཙོ་བོའི་འགན་ཁུར་བླངས་པ་དང་། ཁོང་གི་རྩོམ་མང་པོ་ཞིག་ལ་བོད་ནང་གི་འཕྲིན་སྟེགས་ཆེ་གྲས་མང་པོའི་ནང་དགའ་མོས་བྱེད་མཁན་མང་པོ་ཡོད་འདུག། དེ་མིན་ཁོང་གིས་རབ་བཀྲམ་བྱམས་པ་གླིང་གི་ལོ་རྒྱུས་སོགས་བརྩམས་ཆོས་གང་མང་ཞིག་ཡོད་པ་དང་། ཁོང་གིས་ནམ་རྒྱུན་རྩོམ་ཡིག་སྤེལ་སྐབས་སྨྱུག་མིང་ལ། ལྷོ་སྤོས་དཀར་དང་། དྲ་མིང་ལ། ཆར་གདུགས། ཆུང་དུས་ཀྱི་མིང་ལ་སྒྲུབ་ཚེ་བཅས་ཡིན་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎