མགོ་ལོག་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་།


2014.03.15
རྒྱ་གཞུང་ཉེན་རྟོག་པས་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་། པདྨ་རྫོང༌།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎བོད་མགོ་ལོག་པད་མ་རྫོང་ཨ་སྐྱོང་དགོན་པའི་དགེ་འདུན་པ་མཚན་ལ་མདོ་སྔགས་བསྟན་འཛིན་ཞུ་བ་ཞིག རྒྱ་ནག་གཞུང་གི་ཉེན་རྟོག་པས་གསང་བའི་ངང་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེའང་ཉེ་སྔོན་ཨ་མདོ་མགོ་ལོག་ཁུལ་པད་མ་རྫོང་གི་མདུན་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ཞིང་འདས་གྲོངས་སུ་ཕེབས་ཡོད་པ་དང་། དེ་ནས་བཟུང་། རྒྱ་ནག་གཞུང་གིས་ས་གནས་དེའི་ནང་སྔར་དང་མི་འདྲ་བའི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་།  བོད་མི་སེར་སྐྱ་མི་དམངས་མི་ཉུང་བ་ཞིག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་ལ། ཉེ་ཆར་ཡང་ཨ་སྐྱོང་དགོན་པའི་དགེ་འདུན་པ་རྡོ་ནག་བསྟན་འཛིན་ལགས་གསང་བའི་ངང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ད་དུང་ད་ཆ་པད་མ་རྫོང་ས་གནས་སུ་རྒྱ་གཞུང་གི་ཤང་བསྐྱོད་ལས་དོན་རུ་ཁག་ཅེས་པའི་ལས་དོན་རུ་ཁག་ཐེངས་གཉིས་པ་དེ་འབྱོར་ཞིང་། ཁོང་ཚོས་ཁུལ་དེའི་དགོན་སྡེ་ཁག་ལ་བསུན་པོ་བཟོ་བཞིན་ཡོད་པ་རེད་འདུག
ཡང་ས་གནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ཨ་སྐྱོང་དགོན་པའི་དགེ་འདུན་པ་མདོ་སྔགས་བསྟན་འཛིན་ལགས་འཛིན་བཟུང་བྱེད་དགོས་དོན་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཉིན་ཤས་གོང་ཨ་སྐྱོང་དགོན་པའི་དགེ་འདུན་པ་རྡོ་ནག་བསྟན་འཛིན་ལགས་རྒྱ་ནག་གཞུང་གིས་ཉེན་རྟོག་པས་གསང་བའི་ངང་འཛིན་བཟུང་དང་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ཉེ་སྔོན་རང་ལུས་མེར་སྲེག་བཏང་གནང་མཁན་ཚེ་རིང་རྒྱལ་ལགས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དྭོགས་པ་བྱས་ཏེ་འཛིན་བཟུང་བྱས་པ་ཞིག་ཡིན་པར། ད་ཆ་མི་ཚོའི་ཁྲོད་བཤད་སྲོལ་དེ་ལྟར་ཡོད་པ་ལས། རྒྱ་ནག་གཞུང་གི་ངོས་ནས་གནས་ཚུལ་གསལ་བཤད་གང་ཡང་བྱས་མེད་པ་རེད་འདུག་ལ། དེ་མིན་ཡང་ཟླ་བ་འདིའི་ཚེས་དགུའི་དགོངས་མོ། པད་མ་རྫོང་དུ་ཡོད་པའི་ཇ་ཁང་ཞིག་གི་ནང་གློ་བུར་དུ་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་སླེབས་ཏེ། ཁོང་ཚོས་མི་མང་པོ་ཞིག་ལ་དོན་མེད་ཉེས་བརྡུངས་ཚད་མེད་བཏང་ཡོད་པ་དང་།  ཇ་ཁང་གི་ཅོག་ཙེ་དང་རྐུབ་བཀྱག་སོགས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎