བོད་པའི་དགོན་པའི་ནང་རྒྱ་མིའི་གཙོ་འཛིན་གྱི་པར་བཤམས་པ།
2012.04.20
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས། རྒྱ་ནག་གཞུང་གིས་དེང་སང་སྔོན་ཐོན་གྱི་དགོན་སྡེ་དང་སྔོན་ཐོན་གྱི་གྲྭ་བཙུན་འདེམས་སྒྲུག་བྱེད་པའི་ལས་གཞི་དང་འབྲེལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་རིང། ཕྱི་ཟླ་༤པའི་ཚེས་ཤར་ནང་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས། ལྡན་ཆོས་འཁོར་དགོན་པར་རྒྱ་མིའི་ལས་དོན་རུ་ཁག་གིས་དགོན་པའི་འདུ་ཁང་ནང་རྒྱ་ནག་དམར་ཤོག་གི་གཙོ་འཛིན་བཞིའི་འདྲ་པར་སྒྲིག་གཤོམ་བྱེད་དགོས་པ་དང༌། དགོན་པའི་ཡང་སྟེང་དུ་དར་དམར་སྒྲེང་འཛུགས་བྱ་དགོས་པའི་བཙན་བཀའ་བཏང་འདུག དགོན་པའི་དགེ་འདུན་པས་རྒྱ་མིའི་བཙན་བཀར་དང་ལེན་རྩ་བ་ནས་གནང་མེད་སྟབས། ལས་དོན་རུ་ཁག་གིས་བཙན་དབང་ཐོག་དར་དམར་དགོན་པའི་ཡང་སྟེང་དུ་སྒྲེང་འཛུགས་བྱས་པར་བརྟེན། དགེ་འདུན་པ་དགུང་ལོ་བགྲེས་པོ་ཞིག་གི་མགུལ་སྙིང་གས་ནས་རང་སར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་འདུག་ལ། དགེ་འདུན་པ་བྱིངས་རྣམས་ཀྱང་དགོན་པར་གནས་མ་ཐུབ་པར་རང་ཁྱིམ་དུ་ཕྱིར་ལོག་གནང་དགོས་བྱུང་བའི་རྐྱེན་གྱིས་ད་ཆ་དགོན་པ་སྟོང་པ་ཆགས་ཡོད་པ་རེད།
ལྡན་ཆོས་འཁོར་དགོན་པར་ད་རེས་ཙམ་མ་ཡིན་པར་༢༠༠༩ལོར་དགེ་འདུན་པས་རྒྱ་ནག་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་ཡོད་པར་བརྟེན། དགོན་པ་དེའི་མཁན་པོ་བསྟན་འཛིན་རྒྱལ་མཚན་ལགས་དང་དགེ་འདུན་པ་གཞན་ཁག་གཅིག་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་སྟེ་ད་ལྟ་བཙོན་ཁང་ནང་སྡུག་སྦྱོང་མྱངས་དང་མྱོང་མུས་ཡིན་འདུག།