བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་མི་ནི་སོ་ཌ་རུ་གཞུང་འབྲེལ་འཚམས་གཟིགས་གནང་འདུག
དེ་ཡང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་དང་། དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་རྣམ་གཉིས་ཀྱིས་ཉེ་ཆར་ཨ་མི་རི་ཀའི་མི་ནི་སོ་ཌ་(Minnesota)་མངའ་སྡེའི་བོད་མི་གནས་སྡོད་ས་ཁུལ་ཁག་ནང་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། བར་ལམ་ནས་ལྷག་བསམ་ཅན་རེ་ཟུང་གིས་མི་ནི་སོ་ཊའི་ནང་བོད་གྲོང་འཛུགས་སྐྲུན་ནམ་བོད་གྲོང་གཞིས་ཆགས་ལས་གཞི་དང་། དམིགས་བསལ་སློབ་གྲྭ་(Charter school)་འཛུགས་རྒྱུའི་ལས་གཞི་ཡོད་པར་དོ་ཁུར་གཟིགས་ཞིན་གནང་ཡོད་པ་རེད། ལས་གཞི་དེ་གཉིས་ཀྱི་སྐོར་འབྲེལ་ཡོད་ཚོས་དེ་སྔ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཇལ་བའི་སྐབས་སྙན་སེང་ཞུས་ཡོད་འདུག་ལ། ད་ཐེངས་སྐུ་ཚབ་དོན་གཅོད་ཀྱིས་ལས་འཆར་དེ་གཉིས་ལ་དོ་ཁུར་གནང་མཁན་གྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་གནང་སྟེ། ཁོང་ཚོའི་འཆར་གཞི་སྙན་སེང་ཞུས་པ་ཞིབ་ཕྲ་གསན་པ་དང་། དོགས་འདྲི་ཁག་བཀའ་འདྲི་ཞུས་པ་མ་ཟད། བོད་གྲོང་འཛུགས་སྐྲུན་གྱི་དམིགས་སྒོའི་ས་ཆར་ཡང་གཟིགས་ཞིབ་ཡང་གནང་ཡོད་པ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། སྐུ་ཚབ་དོན་གཅོད་མཆོག་གིས་ལས་འཆར་དེ་གཉིས་ཀའི་ཕུགས་དམིགས་ལ་བསྔགས་བརྗོད་རྒྱབ་སྐྱོར་གནང་ཡོད་པ་དང་། ད་ལྟའི་ཆར་ལས་འཆར་དེ་གཉིས་གཞི་ནས་འགོ་འཛུགས་རྒྱུ་ཡིན་ཀྱང་། རིམ་བཞིན་གོམ་པ་མདུན་སྤོས་ཀྱིས་དངོས་གཞིའི་ལག་བསྟར་བྱེད་སྐབས་ཁྲིམས་མཐུན་དགོས་རྒྱུ་གལ་ཆེ་ཡིན་པ་དང་། ས་གནས་མང་ཚོགས་མཉམ་ཞུགས་དང་རྒྱབ་སྐྱོར་གང་འདྲ་ཡོད་མེད་བལྟ་རྒྱུ་ཡང་གལ་ཆེན་པོ་ཡིན་པ་སྐུ་ཚབ་དོན་གཅོད་མཆོག་གིས་ལམ་སྟོན་གནང་ཡོད་འདུག
མི་ནི་སོ་ཌ་ནི་ཨ་རིའི་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་ཨང་གཉིས་པ་ཡིན་པ་དང་། སྐུ་ཚབ་དོན་གཅོད་དང་བོད་རིགས་འབྲེལ་མཐུད་པས་ལས་འགན་བླངས་རྗེས། ཁོང་རྣམ་གཉིས་ཀྱིས་ས་གནས་དེར་གཞུང་འབྲེལ་འཚམས་གཟིགས་གནང་བ་ད་རེས་ཐེངས་དང་པོ་ཡིན་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།