བོད་ཀྱི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་ཉིན་མོར་སྲུང་བརྩི།
བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོའི་རྗེས་དྲན་གྱི་ཉི་མོ་སྲུང་བརྩི་ཞུས་འདུག
-
2010-04-29 -
-
-
༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོའི་རྗེས་དྲན་གྱི་ཉི་མོ་སྲུང་བརྩི་ཞུས་ཡོད་པ་རེད་༎
དེ་ཡང་བོད་ཀྱི་དུས་བབ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་དེ་རིང་ཕྱི་ཚེས་༢༩ཉིན་མོ་སྟེ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་ཀྱི་དོན་དུ་རང་ལུས་མེར་བསྲེག་བཏང་སྟེ་ལོ་ངོ་༡༢འཁོར་གྱི་ཡོད་ཅིང་ ཉིན་དེར་བཞུགས་སྒར་རྡ་རམ་ས་ལའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ ལྷ་རྒྱལ་རིའི་མཆོད་རྟེན་མདུན་ཐང་དུ་བོད་ཀྱི་དཔའ་བོའི་ཉིན་མོ་ཐེངས་༡༢པ་དེ་རྗེས་དྲན་སྲུང་བརྩི་ཞུས་ཡོད་པ་རེད་
གནས་ཚུལ་ནང་གསལ་གཞིགས་ན་ཐེངས་འདིའི་དཔའ་བོའི་རྗེས་དྲན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ལགས་དེ་བཞིན་གཞོན་ནུའི་ཚོགས་ཟུར་ལྷ་བཟང་ཚེ་རིང་དང་སྤྱི་འཐུས་ཀརྨ་ཡི་ཤེས་བཅས་གཙོས་པས་མི་ཚོགས་བརྒྱ་སྐོར་ལྷག་ཙམ་ནས་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད་
མཛད་སྒོ་མ་འཚོགས་གོང་སྐུ་མགྲོན་གཙོ་བོ་དབུ་བཞུགས་ཐོག་སྨོན་ལམ་གསོལ་འདེབས་གནང་བ་དང་དེའི་རྗེས་ལྷ་རྒྱལ་རིའི་མཆོད་རྟེན་མདུན་གྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་སྐུ་པར་ལ་མཇལ་དར་སྒྲོན་ཡོད་འདུག གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཐེངས་འདིའི་དུས་དྲན་ངོ་སྤྲོད་དང་འབྲེལ་གསུངས་དོན་དུ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་རྒྱལ་ཁབ་དང་བདེན་དོན་གྱི་ཆེད་དུ་སྐུ་སྲོག་དོར་ནས་མི་ལོ་༡༢འཁོར་བའི་ཉིན་མོར་རྗེས་དྲན་ཞུ་རྒྱུ་དང་ ཉིན་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ བོད་ཀྱི་བདེན་དོན་དུ་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་ཆེས་བླ་ན་མེད་པའི་མྱ་ངན་གུས་འདུད་དང་རྗེས་དྲན་ཞུ་རྒྱུ་ཡིན་ ལྷག་པར་དུ་ད་ལྟ་ཡང་རྒྱ་ནག་གི་བཙོན་ཁང་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས་པའི་གཞིས་ལུས་སྤུན་ཟླ་ཡོངས་ལ་སེམས་ཚོར་དྲག་པོས་གདུང་སེམས་མཉམ་སྐྱེད་དང་ ཁོང་རྣམ་པའི་རྒྱལ་ཞེན་སྙིང་སྟོབས་ལ་དགའ་སྤོབས་ཆེན་པོས་ཡི་རངས་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བཞག་༎