བོད་དིང་རིའི་ས་ཡོམ་གོད་ཆག་ཁྲོད་གནོད་སྐྱོན་འཕོག་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བཙན་བྱོལ་བོད་མི་ཚོས་འདི་ལོའི་ལོ་གསར་ལ་རྒྱས་སྤྲོས་གནང་རྒྱུ་མིན་པ་གསུང་གི་འདུག

2025.02.27
བོད་དིང་རིའི་ས་ཡོམ་གོད་ཆག་ཁྲོད་གནོད་སྐྱོན་འཕོག་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བཙན་བྱོལ་བོད་མི་ཚོས་འདི་ལོའི་ལོ་གསར་ལ་རྒྱས་སྤྲོས་གནང་རྒྱུ་མིན་པ་གསུང་གི་འདུག རླུང་རྟ་སྒྲེང་འཛུགས་གནང་བཞིན་པ། ༢༠༢༢།༠༣།༠༥
AP

ཉེ་ལམ་བོད་དིང་རི་ཁུལ་དུ་རང་བྱུང་ས་ཡོམ་གྱི་གོད་ཆག་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པར་བརྟེན་བོད་ནང་གི་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བཙན་བྱོལ་བོད་མི་ཚོས་ལོ་གསར་ལ་རྒྱས་སྤྲོས་གནང་རྒྱུ་མིན་པ་གསུང་གི་འདུག

སྤྱིར་ཡུལ་ལུང་སོ་སོར་རིག་གཞུང་གོམས་སྲོལ་མ་འདྲ་བ་ཡོད་པ་ལྟར། དུས་ཆེན་སྲུང་བརྩི་བྱེད་སྟངས་ལའང་མ་འདྲ་བ་ཡོད་པས། བོད་མི་རྣམས་ནས་ཡོངས་གྲགས་སུ་བོད་ཟླ་དང་པོའི་ཚེས་ ༡ ནས་ལོ་གསར་སྲུང་བརྩི་ཞུ་ཡི་ཡོད་ལ། བོད་ཟླ་དང་པོའི་ལོ་གསར་ལ་ཡོངས་གྲགས་སུ་རྒྱལ་པོའི་ལོ་གསར་ཡང་འབོད་སྲོལ་ཡོད་པ་རེད། ལོ་གསར་ནི་ལོ་རྙིང་བ་རྒྱབ་ཏུ་བསྐྱུར་ནས་ལོ་གསར་པར་བཀྲིས་ལོ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་མཚོན་ཆེད་དུ་སྲུང་བརྩི་ཞུ་གི་ཡོད་པ་དང་། ལོ་གསར་སྐབས་ནང་མི་སྤུན་གྲོགས་མཉམ་འཛོམས་ཀྱིས་དགའ་སྤྲོར་རོལ་སྲོལ་ཡོད་ནའང་། འདི་ལོར་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་སྟེ། མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་བྱུང་བས་བོད་མིའི་སྒྲིག་འཛུགས་ནས་འདི་ལོའི་ལོ་གསར་རྒྱས་སྤྲོས་རྣམ་པའི་སྒོ་ནས་གཏོང་གནང་མི་ཡོང་བའི་འབོད་སྐུལ་གནང་ཡོད།

དེ་བཞིན་ཉེ་ལམ་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མིའི་ཚོགས་སྒེར་ཁག་ནས་འདི་ལོའི་ལོ་གསར་རྟེན་འབྲེལ་མཚོན་ཆེད་ཙམ་ལས་སྤྲོ་སྐྱིད་རིགས་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཞུགས་སྒར་གནས་འཁོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། མི་སྒེར་ཁག་ཅིག་ལ་འདི་ལོའི་ལོ་གསར་ཇི་ལྟར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་དང་། དེ་མ་ཟད་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་ཡང་སྲུང་བརྩི་ཞུ་གི་ཡོད་པས། དེའི་སྐོར་མང་ཚོགས་ཀྱི་དགོངས་ཚུལ་ཇི་ཡོད་རྒྱུས་ལོན་ཞུས་པར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་བཤིས་རྟགས་རྒྱས་ལགས་ནས་རྩ་བའི་ལོ་གསར་སྐབས་དགའ་གཉེན་སྤུན་མཆེད་རྣམས་མཉམ་འཛོམས་ཀྱི་དུས་ཚོད་ཞིག་ཡིན་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་གལ་འགངས་ཆེན་པོ་ངོས་འཛིན་པའི་ཐོག་ལོ་གསར་ཚེས་གསུམ་ཉིན་གཞོན་ནུའི་དགའ་སྤྲོ་གླིང་ཁ་ཞེས་བོད་ཀྱི་ཟློས་གར་ཚོགས་ཁང་ནང་སྲུང་རྩིས་ཞུ་སྲོལ་ཡོད་ནའང་།  ད་ལོའི་ལོ་གསར་ནང་ཆོས་ཕྱོགས་ཀྱི་ལས་གཞི་ཁག་སྲུང་རྩིས་ཞུ་རྒྱུ་མ་གཏོགས་ལོ་ལྟར་བཞིན་སྤྲོ་སྐྱིད་སོགས་གཏང་རྒྱུ་མིན་པ་གསལ་བཤད་གནང་སོང་།
གཞན་ཡང་ཁོང་གིས་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཡང་ཡིན་པས། གོ་སྟོན་སྐབས་དགའ་དགའ་སྤྲོ་ཙམ་མིན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡར་ཕུལ་ཡ་གཙོ་བོ་དེ་བོད་མི་ནང་ཁུལ་ལ་རྡོག་རྩ་གཅིག་སྒྲིལ་དང་ལྷག་པར་དུ་༸གོང་ས་མཆོག་གི་དཀའ་དགོངས་བཞིན་མི་རེ་ངོ་རེ་ནས་གང་ཐུབ་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

དེ་མཚུངས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས། ཉེ་བའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཕེབས་པ་བཞིན་བོད་ནང་ལ་ས་ཡོམ་གྱི་གོད་ཆག་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པས་འཆར་ལ་ཉེ་བའི་ལོ་གསར་དེ་ནམ་རྒྱུན་བཞིན་དགའ་སྤྲོའི་རྣམ་པ་མིན་པར་ཆོས་ཕྱོགས་ཀྱི་བྱ་བའི་ཐོག་ནས་ལོ་གསར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་བྱུང་།

དེ་ལས་འཕྲོས་ཏེ་ཁོང་གིས་ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་ཡང་ཁེལ་གྱི་ཡོད་པས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སེམས་པ་བཟང་པོ་བྱེད་དགོས་པ་དང་༸རྒྱལ་བའི་བཀའ་སྒྲུབ་དགོས་པ་དེ་གཙོ་བོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཨ་རི་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་ནས་བོད་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། ད་ལོ་༸གོང་ས་མཆོན་དགུང་ལོ་དགུ་བཅུ་ཕེབས་ཀྱི་ཡོད་པས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་ཚང་མས་སྨོན་ལམ་དང་། དམིགས་བསལ་དུས་རྒྱུན་༸གོང་ས་མཆོག་གི་བཀའ་སློབ་ཕེབས་པ་བཞིན་མི་གཞན་ལ་ཕན་མ་ཐོགས་ན་ཡང་གནོད་སྐྱེལ་རྒྱུ་མེད་པ་གཙོ་འདོན་གནང་དགོས་པ་འགྲེལ་བརྗོད་གནང་བྱུང་།

ས་གནས་སྡེ་ར་ལྡུན་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་མཁན་པོ་ཡེ་ཤེས་ཚེ་རིང་ལགས་ནས་ད་ལོ་བོད་ནང་ས་ཡོམ་གོད་ཆག་རྐྱེན་པའི་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པས་ལོ་གསར་རྒྱས་སྤྲོས་མེད་པར་རྟེན་འབྲེལ་ཙམ་དུ་སྲུང་བརྩི་ཞུས་དགོས་པ་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་ཉེ་ལམ་བོད་དིང་རི་ཁུལ་དུ་རང་བྱུང་ས་ཡོམ་གྱི་གོད་ཆག་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། ས་ཡོམ་གོད་ཆག་བྱུང་འཕྲལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་དངོས་ཤུགས་རྒྱུད་གསུམ་ནས་རོགས་སྐྱོར་དང་། འདས་པོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་རྒྱ་མི་ཆུང་བ་ཞུས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཀྱང་བོད་ནང་གི་ས་ཡོམ་གྱི་གོད་ཆག་ཁྲོད་གནོད་སྐྱོན་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ལོ་གསར་སྐབས་རྒྱས་སྤྲོས་མི་གནང་བའི་འབོད་སྐུལ་གནང་ཡོད་པ་རེད། །

གསར་འགོད་པ། ཚེ་རིང་རྣམ་རྒྱལ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎