བོད་ཕྱི་ནང་གཉིས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བཞིན་འདུག
2017.02.27
བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་རྒྱལ་ལོ་༢༡༤༤་རབ་གནས་མེ་བྱ་ལོའི་ལོ་གསར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱེད་བཞིན་པ་རེད།
དེ་ཡང་བོད་རྒྱལ་ལོ་༢༡༤༤་བོད་ཟླ་༡་ཚེས་༡་ཕྱི་ལོ་༢༠༡༧་ཟླ་༢་ཚེས་༢༧་ཉིན་རབ་གནས་མེ་བྱ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་མོའི་སྔ་དྲོར། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དངོས་གཞི་བསྐྱངས་ཏེ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་ལྷ་མོའི་གསུང་བསྐང་གསུང་འདོན་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུའི་ལས་བྱེད་རྣམ་པ་དང་། ལས་ཟུར་བ་རྣམ་པ། བོད་མི་མང་སྤྱི་འཐུས་ལས་ཐོག་དང་ལས་ཟུར་རྣམ་པ་བཅར་ཡོད་པ་རེད།
དེ་ནས་མུ་མཐུད་དུ་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་བཅར་བ་རྣམས་གདན་འཛོམས་ཐོག་རྣམ་གྲ་གསུང་ཞབས་རྣམས་ཀྱིས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་རྣམས་ལེགས་པར་གསུང་འདོན་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཀྱིས་རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་རྗེས་རིམ་བཞིན་གཞུང་འབྲེལ་མཛད་གཙོ་ཁག་གིས་རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཇལ་ཁ་ཞུས་གནང་བ་དང་། དེ་ནས་རིམ་བཞིན་བོད་ཀྱི་ཟློས་གར་ཚོགས་པས་གར་གླུ་བཏང་གནང་བ་སོགས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བཞུགས་སྒར་དུ་གཞུང་འབྲེལ་གྱི་ལོ་གསར་མཛད་སྒོ་ཟབ་རྒྱས་ཞུས་གནང་ཡོད་པ་རེད།
སྤྱིར་བཏང་སྲོལ་རྒྱུན་ལྟར་ན། གཞུང་འབྲེལ་གྱི་ཐོག་ནས་ལོ་གསར་ཚེས་གཅིག་ཉིན་བླ་མ་ལོ་གསར་དང་། ཚེས་གཉིས་ཉིན་རྒྱལ་པོའི་ལོ་གསར། ཚེས་༣་ཉིན་ཆོས་སྐྱོང་ལོ་གསར་སོགས་ཉིན་གྲངས་གསུམ་པོའི་ལོ་གསར་གྱི་བྱེད་སྒོ་སྤེལ་སྟངས་མི་འདྲ་བ་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།