༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་ཆེད་རྒྱ་གར་དབུས་དང་ས་གནས་གཞུང་གཉིས་ནས་མཐུན་འགྱུར་རྒྱབ་སྐྱོར་ཐོབ་བཞིན་འདུག

2023.01.05
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་ཆེད་རྒྱ་གར་དབུས་དང་ས་གནས་གཞུང་གཉིས་ནས་མཐུན་འགྱུར་རྒྱབ་སྐྱོར་ཐོབ་བཞིན་འདུག ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་གྱི་རྩིག་རྨང་བཞག་སྐབས། ༠༡།༠༣།༢༠༢༣
OHHDL

དེ་ཡང་རྒྱ་གར་སྦི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་གྱི་མ་ཧཱ་བྷོ་ལྡི་གསོལ་མགྲོན་ཁང་(Mahabodhi Resort)་དུ། འདི་ཚེས་༤དང་༥བཅས་ཉིན་གཉིས་རིང་། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་གནང་རྒྱུའི་མ་འོངས་ལས་འཆར་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ལྟེ་གནས་ཁང་དེའི་ཐོག་མཐའ་བར་གསུམ་ལ་ཐུགས་འགན་གཙོ་བོ་བཞེས་གནང་མཁན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་ངེས་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ད་རེས་ཀྱི་ཚོགས་འདུའི་དམིགས་ཡུལ་དང་མ་འོངས་ལས་འཆར་ཐད་བཅར་འདྲི་ཞུས་སྐབས། ཁོང་གིས་རིང་མིན་ལྟེ་གནས་ཁང་གི་འཛུགས་སྐྲུན་ལེགས་པར་འགྲུབ་པའི་རྗེས། གཙོ་ཆེ་ཤོས་བསླབ་པ་སློབ་གཉེར་གྱི་བསླབ་གཞི་དང་བསླབ་གཞི་དེ་དག་སློབ་ཁྲིད་གནང་མཁན་གྱི་མཁས་དབང་བཅས་སྔ་ས་ནས་གྲ་སྒྲིག་གནང་རྒྱུ་དེ་གལ་ཆེ་བ་ཞིག་དང་དགོས་འཁོ་ཆེ་བ་ཞིག་ཡིན་དུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཚོགས་པ་དང་། ལྟེ་གནས་ཁང་དེའི་མ་འོངས་ལས་གཞིའི་ཐོག་རྒྱ་གར་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱིཏཱིཤ་ཀུམཱར་མཆོག་གིས་ཕྱི་ཟླ་༡༢ཚེས་༣༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁའི་སྐབས་ལས་གཞིར་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་ནས་ཀྱང་ལས་གཞི་དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་དུས་ལས་གཞི་དེའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་གསུངས་སོང་།
གཞི་རྩའི་ཆ་ནས་འདི་ཚེས་༣ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བསྐྲུན་གྱི་རྩིག་རྨང་བཞག་གནང་མཛད་ནས་ཐུགས་སྨོན་མཛད་ཟིན་པ་དང་། ལྟེ་གནས་ཁང་དེ་གསར་བསྐྲུན་གྱི་ཨར་ལས་ལས་གཞི་གང་མགྱོགས་དབུ་འཛུགས་གནང་རྒྱུ་ཡིན་གསུང་བྱུང་།

The Dalai Lama Centre for Tibetan & Indian Ancient Wisdom gaya.jpg
གཞི་རྒྱ་ཆེ་བའི་ལས་གཞི་འདི་ནི། གཙོ་བོ་༧གོང་ས་མཆོག་གིས་རྒྱ་གར་གྱི་བཀའ་དྲིན་གསབ་ཆེད་བོད་མིས་བསྒྲུབ་ཐུབ་པའི་བྱ་བ་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་པར་གཟིགས་ནས། གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་སྔོན་ཡོད་གསུམ་གྱི་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་གནང་རྒྱུ་དེ་བསྣན་ཡོད་པ་དང་། ལས་གཞི་དེ་བཞིན་ཤིན་ཏུ་ནས་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་གཞི་དེ་བཞིན་ག་ལེར་འཛམ་གླིང་མི་མང་ཐོག་ནས་འདིར་ངེས་པ་རྙེད་ནས་མཐུན་འགྱུར་རོགས་རམ་དང་ཉམས་ལེན་བྱ་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་ཡང་གསུངས་བྱུང་།
ཐེངས་འདིའི་ཚོགས་འདུའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་ལགས། ཝར་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ས་ར་མཐོ་སློབ་དང་ཨེ་མོ་རི་གཙུག་ལགས་སློབ་གཉེར་ཁང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་བཅས་ནས་མཁས་དབང་དུ་མ་ཞིག་ཚོགས་བཅར་གནང་ཡོད་འདུག
ལྟེ་གནས་ཁང་དེ་བཞིན་ལེགས་འགྲུབ་རྗེས་གཙོ་བོ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང་། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་ལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎