སྨན་གཅོས་ལྟ་སྐྱོང་ལས་གཞིར་ཧིན་སྒོར་འབུམ་༧༩ཙམ་བྱུང་།
2014.01.01

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ལོ་དང་པོར་མི་བརྒྱད་སྟོང་ཙམ་དང་། ལོ་གཉིས་པར་ཁྱོན་མི་གྲངས་ཆིག་ཁྲིས་མཉམ་བཞུགས་གནང་ཡོད་ཅིང་། ལོ་གཉིས་པའི་ནང་མི་ཁྲི་གཅིག་གི་བསྡུ་ཆ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་གཅོས་ལྟ་སྐྱོང་ལས་གཞིའི་ཚན་པར་ཁྱོན་ཧིན་སྒོར་འབུམ་༧༩ཙམ་བྱུང་ཡོད་འདུག
ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་བཙོན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞིའི་འཕེལ་རིམ་དང་། ད་ལྟའི་གནས་བབས་སྐོར་གསུང་བཤད་གནང་འདུག བཀའ་བློན་མཆོག་གིས་གསུངས་བཤད་ནང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་དེའི་འོག་ཚོགས་མི་༤༣༥ལ་ཁེ་ཕན་བསྐུན་ཐུབ་པ་བྱུང་ཡོད་པ་དང་། ད་ཆ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་འོག་ཡོད་པའི་ཚོགས་མི་༢༠༠ལྷག་སྨན་དོད་སྤྲོད་བསྡད་ལྷག་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་ནང་བཞུགས་མཁན་མང་ཚོགས་ལ་སྨན་བཅོས་རིམ་པ་གཉིས་པ་གསུམ་པའི་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་མེད་པར་བརྟེན། མང་ཚོགས་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གང་ཐུབ་བསྐྲུན་ཏེ་ཕན་ཐོགས་ཡོང་ཆེད་བཙུགས་པ་ཞིག་ཡིན་པ་ཡིན་སྐོར་གསུངས་འདུག
ལས་གཞི་འདི་ཐོག་མ་འགོ་འཛུགས་སྐབས་ མི་ཁྲི་གཉིས་ཙམ་དམིགས་ཚུད་བཟུང་ཡོད་པ་བཞིན། སྨན་བཅོས་ལྟ་སྐྱོང་གི་བསྡུ་ཆ་དང་ཐོབ་ཆ་དེ་དག་ཁྲི་གཉིས་ལ་དཔག་པའི་རྩིས་བརྒྱབ་ཡོད་པ་དང་། ལས་གཞི་འདིའི་འོག་ཉུང་མཐར་ཚོགས་མི་ཁྲི་གཉིས་ལོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་གསུང་འདུག ཡང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་རྒྱུན་གནས་ཐུབ་མིན་ནི། མང་ཚོགས་ཀྱི་མཉམ་ཞུགས་བྱེད་མིན་ལ་རགས་ལུས་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལོ་གཉིས་པ་དེ། ད་རེས་མཇུག་བསྒྲིལ་ཡོད་ཀྱང་། ལོ་གསུམ་པ་དེ་ཕྱི་ལོ་༢༠༡༤ལོའི་ཟླ་བ་༤པའི་ཚེས་༡ནས་འགོ་འཛུགས་ཞུ་ཡི་ཡོད་པ་བཅས་གསུངས་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།