བོད་དོན་ཉམས་ཞིབ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་ཇུས་གསར་པ་ཞེས་པའི་དཔྱད་རྩོམ་སྤེལ་འདུག

2025.01.03
བོད་དོན་ཉམས་ཞིབ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་ཇུས་གསར་པ་ཞེས་པའི་དཔྱད་རྩོམ་སྤེལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་སྒོ་ཆེན། ༡༡།༢༠༡༩
Lhuboom/RFA

བོད་དོན་ཉམས་ཞིབ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཁ་ཕྱོགས་འགྱུར་བ་ཐེབས་པའི་འཐབ་ཇུས་གསར་པ་དེའི་གལ་ཆེའི་རང་བཞིན་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་མིན་དེ་མིན་པར། རྒྱ་ནག་ནང་ཁུལ་གྱི་བློ་འདོན་པའི་སྟོབས་ཤུགས་ཇེ་ཆེར་གཏོང་སྲིད་པ་དེ་རེད་ཅེས་བསམ་ཚུལ་སྤེལ་ཡོད་པ་དང་། དབྱེ་ཞིབ་པས་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་ཇུས་ལ་འགྱུར་བ་བཏང་བ་དེ་དུས་ཐོག་གི་ཆར་པ་རེད་ཅེས་དཔྱད་བརྗོད་སྤེལ་ཡོད་པ་རེད།
ལོ་མང་རིང་བོད་དོན་ལ་ཞིབ་འཇུག་གནང་མཁན་རོ་སྦི་སྦར་ནཊི་ (Robert Barnett) ལགས་ཀྱིས་རྒྱ་ནག་ཡིག་ཚགས་ཞེས་པའི་དྲྭ་ལམ་གྱི་དུས་དེབ་སྟེང་། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༠ ཉིན་ཆེད་བརྗོད་རྩོམ་ཡིག་ཅིག་སྤེལ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་ཁ་ཕྱོགས་ལ་འགྱུར་བ་ཐེབས་ནས་འཐབ་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པའི་སྐོར་ལ་དབྱེ་ཞིབ་གནང་འདུག
༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་ཇུས་གསར་པ༽ཞེས་པའི་རྩོམ་ཡིག་དེའི་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་རྒྱ་ནག་གཞུང་གཉིས་དབར་གྱི་མི་ལོ་ ༧༠ ལྷག་གི་རྩོད་རྙོག་ལ་བློ་ཡུལ་ལས་འདས་པའི་བཟང་ཕྱོགས་ཀྱི་རྣམ་པ་ཤར་འདུག གནས་ཚུལ་ལྟར་ན། ༢༠༢༤ ཟླ་ ༧ པའི་ཟླ་སྟོད་ཙམ་ལ། ཕྱི་ལོ་ ༢༠༡༠ རྗེས་སུ། བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་རྒྱ་ནག་གཞུང་བར་ཐད་ཀར་གྲོས་མོལ་གནང་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་ང་ཚོ་ལ་ཚུར་འབྲེལ་བ་བྱས་པ་རེད་ཅེས་གསལ་བཤད་བྱས་ཡོད་པས། རྒྱ་ནག་གཞུང་ལ་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་གྲོས་མཐུན་ཞིག་འཇོག་དགོས་པའི་གནོན་ཤུགས་ཡོད་ཅེས་བཀོད་འདུག རོ་སྦི་སྦར་ནཊི་ (Robert Barnett) ལགས་ཀྱིས་གནོན་ཤུགས་དེ་ནི་གལ་ཏེ་རྒྱ་ནག་གཞུང་གིས་ཡིད་ཆེས་རུང་བའི་ཡང་སྲིད་ཅིག་འཇོག་འདོད་ཡོད་ན་༧གོང་ས་༧ཏཱ་ལའི་བླ་མ་༧སྐུ་ཕྲེང་བཅུ་བཞི་པའི་ཞལ་བཞེས་ངེས་པར་དུ་ཐོབ་དགོས། དེ་མིན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་༧གོང་ས་༧ཏཱ་ལའི་བླ་མའི་༧སྐུ་མདུན་ནས་དེ་ལྟ་བུའི་ཞལ་བཞེས་འཐོབ་ཐབས་བྱས་ཚུལ་གོ་ཐོས་བྱུང་། ཡིན་ནའང་དེ་ལྟ་བུའི་ཞལ་བཞེས་འཐོབ་འདོད་ཡོད་ན་རྒྱ་ནག་གཞུང་གིས་ངེས་པར་དུས་བསམ་ཤེས་གཟུར་བཤོལ་བྱེད་དགོས་ཞེས་རྩོམ་ཡིག་ཏུ་བཀོད་འདུག
རོ་སྦི་སྦར་ནཊི་ (Robert Barnett) ལགས་ཀྱིས་ཉེ་ཆར་བརྩམས་པའི་རྩོམ་ཡིག་དེའི་ནང་དོན་ཐད་བོད་དོན་ཞིབ་འཇུག་པ་གནམ་ལོ་ཡག་གིས་རང་གཞུང་གིས་དེ་སྔའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་སྟེ་ད་ལྟ་བདག་དབང་རྩོད་ལེན་གྱི་སྟེང་དུ་བབས་པ་དེར་བརྟེན་ནས་ཨ་རིས་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་བ་ནི་བོད་དེ་བཞིན་གདོད་མ་ནས་རྒྱ་ཁོངས་མིན་པ་དང་། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་སོགས་བཤད་འདུག་ཅེས་དང་། དེ་བཞིན་དུ་ཉུང་མཐའ་ཡང་ཕྱི་ལོ་ ༢༠༠༨ ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་འདི་རྒྱ་ཁོངས་ཡིན་པ་ཁས་བླངས་ནས་རྒྱ་ནག་ལ་གོ་སྐབས་སྤྲད་ཀྱང་རྒྱ་ནག་གཞུང་གིས་དམ་འཛིན་བྱས་མེད་པའི་སྐོར་གླེང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་ཀྱི་བརྒྱུད་རིམ་ཁྲོད་ནོར་འཁྲུལ་ཆེན་པོ་གཉིས་བཟོས་ཡོད་པ་ཐེར་འདོན་བྱས་འདུག་པས་ང་ཚོ་ཚང་མས་ཤེས་གསལ་ལྟར། རོ་སྦི་སྦར་ནཊི་ (Robert Barnett) ལགས་ཀྱིས་ཀྱང་བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འཐབ་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་གསུང་འདུག་ལ། ད་ལྟའི་ཆར་བོད་ཀྱི་བདག་དབང་རྩོད་ལེན་གྱི་འཐབ་ཇུས་བཟུང་བ་དེ་དུས་ཐོག་གི་ཆར་པ་ལྟ་བུ་ཆགས་ཡོད་ཅེས་གསུངས་སོང་།
རོ་སྦི་སྦར་ནཊི་ (Robert Barnett) ལགས་ཀྱིས་བཙན་བྱོལ་བོད་གཞུང་གིས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་བའི་འཐབ་ཇུས་གསར་པ་དེའི་གལ་ཆེའི་རང་བཞིན་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་མིན་དེ་མིན་པར། རྒྱ་ནག་ནང་ཁུལ་གྱི་བློ་འདོན་པའི་སྟོབས་ཤུགས་ཇེ་ཆེར་གཏོང་སྲིད་པ་དེ་ཡིན་པ་དང་། བོད་དོན་སེལ་ཐབས་ཀྱི་འཐབ་ལམ་གསར་པ་དེས་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུའི་གོ་སྐབས་ཆ་ཚང་མ་བརླག་གོང་འཐབ་ཇུས་ཀྱི་གདམ་ག་ཅི་ཞིག་ཡོད་པའི་ཐད་ཡང་བསྐྱར་འཚོལ་སྙེག་དང་དབྱེ་ཞིབ་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ཅེས་གསུངས་འདུག
རོ་སྦི་སྦར་ནཊི་ (Robert Barnett) ལགས་ནི་རྩོམ་པ་པོ་ཞིག་དང་རྒྱ་ནག་གི་མི་རིགས་གནད་དོན་ཐད་ཀྱི་ཞིབ་འཇུག་པ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་དེང་རབས་ལོ་རྒྱུས་དང་ཆབ་སྲིད། རིག་གཞུང་ལ་ཆེད་དུ་ཞིབ་འཇུག་གནང་ཡོད། ཁོང་གིས་རྒྱ་ནག་གི་བོད་ཐད་ཀྱི་སྲིད་ཇུས་དང་། མཐའ་མཚམས་ཀྱི་གནད་དོན། སྤྱི་ཚོགས་དོ་དམ། སྐད་ཡིག་གི་གནད་དོན། ཆོས་ལུགས་ཀྱི་སྲིད་ཇུས་བཅས་ཀྱི་སྐོར་རྩོམ་ཡིག་དང་དཔེ་དེབ་མང་པོ་བརྩམས་ཡོད། ཁོང་གིས་ད་ལྟ་ཨ་རིའི་ཀོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིམ་པའི་ཞིབ་འཇུག་པའི་ཕྱག་ལས་གནང་མུས་ཡིན་པ་རེད།།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎