བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་མི་ཆོག་པ་རྒྱ་ནག་གཞུང་ཚབ་ཀྱིས་གནོན་ཤུགས་སྤྲད་པར་ངོས་ལེན་གནང་མི་འདུག

དེ་ཡང་ཨ་མི་རི་ཀའི་(New Jersey)་གྲོང་ཁྱེར་ནང་གི་(Belleville)་ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་(Michael Melham)་ལགས་ཀྱིས་གྲོང་སྡེ་ལྷན་ཁང་དུ་ཤིང་འབྲུག་བོད་ཀྱི་ལོ་གསར་དང་བསྟུན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་དང་གྲོང་ཚོའི་ནང་གནས་སྡོད་བྱེད་མཁན་བོད་མི་ཞིག་ལ་ཆེ་བསྟོད་བྱ་རྒྱུའི་ལས་དོན་སྤེལ་སྐབས་རྒྱ་ནག་གཞུང་ཚབ་ཀྱིས་བཀག་འགོག་བྱེད་ཐབས་བྱས་ཀྱང་ལེན་གནང་མེད་པ་རེད་འདུག
དེའི་ཐད་(Belleville)་ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་(Michael Melham)་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་སྐབས་ཁོང་གིས། ང་ཚོའི་གྲོང་སྡེ་ལྷན་ཁང་དུ་བོད་ཀྱི་ལོ་གསར་དང་བསྟུན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་ཀྱི་ལས་དོན་སྤེལ་རྒྱུ་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་མ་ཐག ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་གཞོན་པས་ང་ཚོར་འབྲེལ་བ་བྱས་ཏེ་རྒྱལ་དར་དེ་ནི་ཁ་བྲལ་རིང་ལུགས་པའི་དར་ཆ་ཁྲིམས་འགལ་ཅན་ཞིག་ཡིན་པ་དང་། དར་ཆ་དེ་བསྒྲེངས་རྒྱུའི་ལས་འགུལ་མཚམས་འཇོག་དགོས་པ་སོགས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་རྒྱུ་བཀག་འགོག་བྱ་ཐབས་བྱས་སོང་། དེ་བར་དུ་ང་ཚོའི་གྲོང་སྡེའི་ནང་རྒྱ་ནག་གཞུང་གིས་དོ་སྣང་དང་བོད་དོན་ལས་འགུལ་དང་། བོད་མི་དང་འབྲེལ་བའི་ལས་དོན་ཁག་ལ་རྒྱ་ནག་གིས་གནོན་ཤུགས་སྤྲོད་པ་དང་བཀག་འགོག་བྱེད་ཐབས་བྱེད་བཞིན་པ་ཤེས་རྟོགས་མེད། དེ་བས་དྲྭ་ལམ་དང་གསར་ལམ་ཁག་ལ་དོ་སྣང་བལྟ་ཀློག་བྱས་པས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་ཤེས་རྟོགས་བྱུང་། སྤྱིར་བཏང་ནས་ང་ཚོའི་གྲོང་སྡེའི་ནང་གནས་སྡོད་གནང་མཁན་མི་རིགས་འདྲ་མིན་གྱི་རིག་གཞུང་དང་། ཡུལ་སྲོལ་གོམ་གཤིས། ངོ་བོ་སྲུང་སྐྱོབ་བཅས་ལ་དུས་རྒྱུན་དུ་གུས་བརྩི་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། རྒྱ་ནག་གི་གནོན་ཤུགས་ས་གནས་སུ་སླེབས་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པས། ད་རེས་རྒྱ་ནག་གི་གནོན་ཤུགས་སྤྲད་པར་ངོས་ལེན་མ་བྱས་བར་ང་ཚོས་ས་གནས་སུ་གནས་སྡོད་གནང་མཁན་བོད་མི་ཚོར་རྒྱབ་སྐྱོར་མཚོན་བྱེད་གྲོང་སྡེ་ལྷན་ཁང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་ལ། མ་འོངས་བའི་ནང་མུ་མཐུད་དུ་བོད་ཀྱི་རྒྱལ་དར་བསྒྲེངས་སོགས་ཀྱི་མཚོན་བོད་མི་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་གསུངས་གནང་བྱུང་།
འདི་ལོའི་བོད་ཀྱི་ལོ་གསར་ནི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་དུས་གཅིག་ཏུ་འཁེལ་ཡོད་པ་དང་། ས་གནས་དེར་ཡོད་པའི་བོད་མི་དབྱངས་ཅན་ནོར་གདོང་ལགས་ཀྱི་བུས་རེ་སྐུལ་ཞུས་བ་ལྟར་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་(Michael Melham)་ལགས་ཀྱིས་གྲོང་སྡེ་ལྷན་ཁང་གིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྒྱུའི་ཁས་ལེན་གནང་བ་ཤིག་ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དབྱངས་ཅན་ནོར་གདོང་ལགས་དང་ཁོང་གི་ནང་མིར་འབྲེལ་བ་བྱེད་ཐབས་བྱས་ཀྱང་མཐུད་ཐུབ་མ་བྱུང་ལ། དེའི་ཐད་ལ་དབྱངས་ཅན་ནོར་གདོང་ལགས་ཀྱིས་ཨ་རིའི་(CBS)་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་གསུངས་པའི་ནང་། ང་ཚོ་གནས་སྡོད་བྱེད་ཡུལ་དེ་ནི་ཨ་མི་རི་ཀའི་གྲོང་ཁྱེར་(New Jersey)་ནང་གི་གྲོང་ཚོ་ཆུང་ངུ་ཞིག་ཡིན་ཡང་། ང་ཚོའི་གྲོང་སྡེའི་སྤྱི་ཁྱབ་པས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྒྱུར་ཐུགས་ཁུར་གནང་བྱུང་། གྲོང་སྡེ་མང་པོས་དེ་ལྟར་གནང་ཐུབ་ཀྱི་མེད་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན་ང་ཚོའི་གྲོང་སྡེས་ཁས་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་ཁོང་གི་བོུ་པད་མ་ནོར་གདོང་ལགས་ཀྱིས་ཀྱང་། ང་ཚོར་(Belleville)་གྲོང་སྡེའི་སྤྱི་ཁྱབ་པས་གྲོང་ཚོ་དེའི་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་དང་རྒྱ་ནག་དམར་པོའི་གཞུང་ལ་ལངས་ཕྱོགས་བརྟན་པོ་བཟུང་གནང་བར་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་ཡོད་འདུག
དགུང་ལོ་༧༤ཡིན་པའི་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཇར་སི་ཡི་(Belleville)་གྲོང་སྡེའི་ནང་གནས་སྡོད་གནང་མཁན་དབྱངས་ཅན་ནོར་གདོང་ལགས་ཀྱིས། ཁོང་དེ་སྔ་༡༩༦༠ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་སྐབས་ཀྱི་སྐྱོ་གདུང་དྲན་གསོ་བྱས་ཡོད་ཅིང་། སྐབས་དེར་ཁོང་ལོ་བཅུ་ལས་ཟིན་མེད་པའི་ཕྲུ་གུ་ཞིག་གཅེན་པོ་དང་སྲུ་མོ་ལགས་གཉིས་ཀྱིས་མཉམ་དུ་རྒྱ་གར་དུ་བྲོས་བྱོལ་དུ་བསྐྱོད་པའི་སྐབས། ཉིན་ཞིག་ཁོང་རྣམས་འགྲོ་ལམ་འཁྱགས་རོམ་ཁྲོད་འགྲོ་མ་ཐུབ་པར་འཁྱགས་རོམ་ཐོག་དགོང་མོ་ཉལ་དགོས་པའི་གྲང་ངར་ཆེན་པོ་བྱུང་བའི་དཀའ་སྡུག་དེ་ཁོང་གི་མི་ཚེའི་ནང་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པ་གསུངས་འདུག
* ཤིང་འབྲུག་བོད་ཀྱི་ལོ་གསར་དང་འབྲེལ་བའི་གནས་ཚུལ་གཞན་ཁག་འདིར་གནན་ན་གཟིགས་ཐུབ།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བསྟན་འཛིན་པདྨ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།