འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བོད་ཀྱི་རྒྱལ་དར་འཕྱར་འདུག
2018.07.12

ཧྥ་རན་སུ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Hugues)ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ར་ཤེ་ཡར་ཚོགས་བཞིན་པའི་(FIFA)འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སར་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་དོན་དྲིལ་བསྒྲགས་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཁ་པར་བརྒྱུད་བཅར་འདྲི་བྱས་སྐབས། ཁོང་གིས། ད་ཐེངས་ར་ཤེ་ཡར་ཚོགས་བཞིན་པའི་(FIFA)འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སར་འདི་ཚེས་༡༠འི་ཉིན། ང་དང་ངའི་བུ་གཉིས་གྱིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་དོན་དྲིལ་བསྒྲགས་བྱས་བ་ཡིན། སྐབས་དེར་རྒྱ་ནག་གི་རྒྱལ་དར་ཞིག་མི་ཚོགས་ཁྲོད་འདུག དེ་མར་ཕབ་དགོས་བསམ་ཀྱང་མི་ཚོགས་འཚང་ཁའི་ཁྲོད་ཐབས་ཐབས་མ་བྱུང་། ཡིན་ཡང་བོད་ཀྱི་རྒྱལ་དར་སྤོབས་པ་ཆེན་པོས་བསྒྲེངས་ནས་བོད་རང་དབང་ཞེས་སྐད་རྒྱབ་ཡིན། འདི་ཚེས་༡༥འི་མཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས་ཡང་བསྐྱར་ངེད་གཉིས་ཀྱིས་བོད་ཀྱི་རྒྱལ་དར་དང་༧གོང་ས་ཏཱ་ལའི་བླ་མའི་མཚན་འཁོད་པའི་སྟོད་གོས་གྱོན་ནས་བོད་དོན་ལས་འགུལ་སྤེལ་འཆར་ཡོད་པ་བརྗོད་བྱུང་། ཡང་བོད་དོན་ལ་རྒྱབ་སྐྱོར་བྱེད་དོན་སྐོར་དྲིས་སྐབས། ཁོང་གིས་མུ་མཐུད་དུ། ང་རང་དེ་སྔ་བོད་ནང་ལོ་གསུམ་ལ་བསྡད་མྱོང་ཡོད། དེ་དུས་རྒྱ་ནག་གི་སྟངས་འཛིན་འོག་གི་བོད་ནང་གི་བོད་མི་ཚོར་རང་དབང་མེད་པ་དངོས་སུ་མཐོང་མྱོང་ཡོད་ལ། དེ་ནས་བཟུང་བོད་ཀྱི་རང་དབང་བདེན་དོན་ལ་རྒྱབ་སྐྱོར་བྱས་ནས་ལོ་མང་ཕྱིན་སོང་ཅེས་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་རྒྱབ་ནས་མ་བསྡད་པར་མདུན་ལ་ཐོན་ནས་ལས་འགུལ་སྤེལ་རན་རེད། ངས་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་བྱུང་།
བཅར་འདྲི་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་བོད་དོན་ཆེད་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ནས་ཡུན་རིང་ཕྱིན་པ་དང་། སྤྱི་ལོ་༢༠༠༢་ལོར་ཧྥ་རན་སའི་ལྕགས་ཀྱི་མཆོད་རྟེན་གྱི་རྩེར་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་། ༢༠༠༨་ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཕྲོག་ཐབས་བྱས་བ། དེ་བཞིན་བལ་ཡུལ་དང་། སུད་སིའི་གྲོང་ཁྱེར་ཇེ་ནེ་ཝ། ཧྥ་རན་སུ་བཅས་སུ་བོད་དོན་ཆེད་ལས་འགུལ་ཐེངས་མང་སྤེལ་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་དབུ་ཁྲིད་ཕྱི་ལ་ཡོང་སྐབས་ངོ་རྒོལ་བྱས་རྐྱེན་བཀག་ཉར་ཡང་བྱས་མྱོང་ཡོད་འདུག།
གསར་འགོད་པ་ཀླུ་འབུམ།