བོད་ནང་རྒྱ་མི་རིགས་མང་པོ་འབྱོར་བཞིན་པས་བོད་མི་ཚོར་དངངས་འཚབ་སྐྱེད་བཞིན་འདུག


2020.08.13
ལྷ་སའི་ཁྲོམ་གཟིགས་ཁང་གི་མདུན། ༢༠༢༠།༨ ལྷ་སའི་ཁྲོམ་གཟིགས་ཁང་གི་མདུན། ༢༠༢༠།༨
བོད་འབྱོར།

བོད་ནང་རྒྱ་ནག་གཞུང་གི་འཛུགས་སྐྲུན་ཡར་རྒྱས་ལས་འཆར་གྱི་མིང་ཐོག་ཉེ་ལམ་རྒྱ་ནག་ནས་རྒྱ་མི་རིགས་ཨར་ལས་བྱེད་མཁན་སྔར་ལས་མང་བ་འབྱོར་བཞིན་པས་བོད་མི་ཚོར་དངངས་འཚབ་སྐྱེད་བཞིན་ཡོད་འདུག
ད་ཆ་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་བྱ་ཡུལ་དུ། རྒྱ་ནག་ནས་རྒྱ་མི་མང་པོ་ཞིག་མུ་མཐུད་དུ་འཛུགས་སྐྲུན་གྱི་ལས་ཀའི་ནང་བཀོད་སྒྲིག་བྱེད་བཞིན་ཡོད་པས། ལྷ་སའི་ནང་མི་རིགས་ཨར་ལས་བྱེད་མཁན་མང་པོ་འབྱོར་བཞིན་པ་རྒྱ་ནག་ཏུ་ཡོད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
གཞན་ཡང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞིའི་ཁོངས་སུ། བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་འདུ་ཐབས་ཆེད། བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ནང་གི་གྲོང་ཁྱེར་ཆེ་ཁག་ནང་མགྲོན་ཁང་དང་། ཟ་ཁང་། སྤྲོ་སྐྱིད་ཁང་། སྤྱི་གླིང་། ཡུལ་སྐོར་མཛེས་ལྗོངས་སོགས་ལས་གཞི་གསར་པ་མང་པོ་ཞིག་བསྐྲུན་ནས། བོད་དེ་བཞིན་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་ལྟེ་གནས་ཞིག་ཏུ་རྒྱ་ནག་གིས་བསྒྱུར་ཐབས་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་བོད་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་མེད་ཀྱང་། རྒྱ་ནག་ནས་ལས་མི་དང་། ཡུལ་སྐོར་བ་རྒྱུན་མི་ཆད་པར་ཧ་ཅང་མང་པོ་བོད་ནང་ཡོང་བཞིན་པ་དེས་བོད་མི་ཚོར་ཞེད་སྣང་དང་དངངས་འཚབ་བསྐྱེད་བཞིན་པ་ལྷ་ས་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་གཞན་ཞིག་གིས་ངོ་སྤྲོད་གནང་གི་འདུག
སྤྱིར་བཏང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོས་རྒྱུན་དུ། བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཆ་ཤས་ནང་ཡུལ་སྐོར་གྱི་ལས་རིགས་དེ་ནུས་པ་ཆེ་བའི་སྡེ་ཚན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཡུལ་སྐོར་ལས་རིགས་དེའི་དམིགས་ཚད་ནི་འཛུགས་སྐྲུན་གྱི་རྨང་གཞི་དང་། ཞབས་ཞུའི་ལས་རིགས་ཡར་རྒྱས་ཐོག་ནས་བོད་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཡུལ་སྐོར་གྱི་ས་གནས་ཞིག་ཏུ་འགྱུར་ཐབས་བྱེད་རྒྱུ་ཡིན་པ། གསར་འགྱུར་བརྒྱུད་ལམ་ཁག་ནང་ཡང་ཡང་བརྗོད་ཀྱི་ཡོད་ནའང་དོན་དངོས་བོད་ནང་གི་བོད་མི་ཚོར་གང་ཅིའི་ཐད་ནས་བློ་འཚབ་སྐྱེས་གཞི་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ད་དུང་མཇུག་སྒྲིལ་མེད་པའི་སྐབས་འདིར། ལྷ་ས་གཙོ་བོར་གྱུར་པའི་བོད་ནང་ལོ་འདིའི་ནང་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་པ་ཁྲི་བརྒྱད་བརྒྱ་སུམ་ཅུ་ལྷག་ཙམ་འབྱོར་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་གསལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎