བློན་ཆེན་རྡོ་རྗེ་མཁའ་འགྲོ་ལ་དྲན་གསོ།
བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཐོག་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དམ་པའི་དྲན་གསོ།
-
2011-05-26 -
-
-
༄༅༎དེ་རིང་དབུ་ཚུཌ་གནང་བའི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཐོག་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དམ་པ་འདི་ཉིད་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་དང་བོད་དོན་འཐབ་རྩོད་ལ་དྲང་བདེན་གྱིས་རྒྱབ་སྐྱོར་གནང་མཁན་གྱི་དྲང་བདེན་དང་བློ་དཀར་ལྡན་པའི་བོད་མིའི་མཛའ་གྲོགས་ཤིག་ཡིན་པའི་དྲན་གསོ་གནང་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་བཞི་པའི་ཚེས་༣༠ ཉིན་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དང༌། སྲུང་སྐྱོབ་དཔོན་རིགས་ཤིག་དང༌། མོན་རྟ་དབང་གི་གྲོས་ཚོགས་འཐུས་མི་ཞིག་གི་སྤུན་མཆེད། གནམ་གྲུའི་ཁ་་ལོ་བ་གཉིས་བཅས། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་ནས་མངའ་སྡེའི་རྒྱལ་ས་ཨི་ཏ་ན་གར་ཐད་འཕུར་གནམ་གྲུར་འཕུར་བསྐྱོད་བྱས་ཏེ། མཁའ་ལམ་དུ་འཕུར་ཏེ་སྐར་མ་༢༠ ཕྱིན་པའི་རྗེས། གློ་བུར་དུ་གར་སོང་མེད་པ་གྱུར་བའི་རྗེས། ཕྱི་ཟླ་ལྔ་པའི་ཚེས་༥ ཉིན་ཁོང་གི་གནམ་གྲུ་དེ་ནི་མོན་རྟ་དབང་ནང་དུ་ཡོད་པའི་མཐོ་ཚད་ཕིག་ཊེ་ཆིག་ཁྲི་གསུམ་སྟོང་བདུན་བརྒྱ་ཡོད་པའི་སེ་ལ་(Sela)ལ་ཆེན་གྱི་ཉེ་འཁྲིས་ལོ་བོ་ཐང་(Lobotang)ཟེར་བའི་ས་ཆའི་ནང་བརྡབ་སྐྱོན་བྱུང་སྟེ་ཁོང་རྣམས་ཀྱི་ཕུང་པོ་རྙེད་སོན་བྱུང་ཡོད་པ་རེད། དེ་རིང་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་འཕར་བ་དེའི་ཐོག་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་ནི། སྐུ་འཚོ་བཞུགས་སྐབས་བོད་མིའི་བདེ་དོན་འཐབ་རྩོད་ཐོག་ལ་ཁ་ཞེ་གཉིས་མེད་དང༌། བློ་དཀར་དྲང་བདེན། ལྷག་པར་དུ་རྒྱ་གར་དམངས་གཙོའི་རྒྱལ་ཁབ་ཀྱི་གཞུང་འཛིན་ལམ་ལུགས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་ནི་གཞན་ཕན་དང་བློས་གཏོང་གནང་མཁན་ཞིག་དང་ལྷག་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་ཞིང༌། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་ཚབ་ཞུས་ཏེ། བཙན་བྱོལ་གྲོས་ཚོགས་ཀྱི་ཐོག་ནས་ཁོང་གི་མཛད་རྗེས་ལ་དྲན་གསོ་དང༌། སྐྱེ་བ་ཕྱི་མ་མི་ལུས་བཟང་པོ་ཞིག་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་གྲོས་མཆོད་ནང་བཀོད་ཡོད་པ་རེད། བློན་ཆེན་རྡོ་རྗེ་མཁའ་འགྲོ་དམ་པ་དེ་ཉིད་ཀྱིས་དེ་སྔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༢༠༠༩ ལོའི་ཕྱི་ཟླ་༡༡ པའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། སྨན་ཁང་ཞིག་ཀྱང་དབུ་འབྱེད་གནང་བ་མ་ཟད། རྒྱ་གར་གྱི་སྒོར་མོ་ས་ཡ་གཉིས་ཀྱི་ཞལ་འདེབས་གནང་ཡོད་པ་རེད།