༄༅༎རྒྱ་གར་ནང་བཙན་བྱོལ་བོད་མི་དང་འཛམ་གླིང་ནང་བོད་དོན་ལ་ཡིད་སྨོན་བྱེད་མཁན་མང་དག་ཞིག་གིས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒེ་མཆོག་གིས་མཛད་ཁུར་དམ་འབུལ་སྐབས་དགའ་བསུ་ཞུས་གནང་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཕྱི་རྒྱལ་ནས་ཕེབས་པའི་དཔོན་རིགས་སྐུ་མགྲོན་རྣམ་པས་ བོད་ཀྱི་རྩ་དོན་ལ་རྒྱལ་བསྐྱོར་ཆ་ཚང་གནང་རྒྱུའི་ཁས་ལེན་གནང་ཡོད་ལུགས་གསར་འགོད་ཚོར་པར་འགྲེལ་བརྗོད་དང་སྦྲགས་ ཕྱི་རྒྱལ་གྱི་དཔོན་རིགས་འཛམ་གླིང་ས་ཕྱོགས་གང་ས་ནང་ཕེབས་ཡོད་པ་དང་ དེ་དག་གི་གྲས་སུ་ཕྱི་ལོ་༡༩༨༩ལོར་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དྲག་གནོན་སྐབས་ཀྱི་རྒྱ་རིགས་མཁས་དབང་ཁག་ཅིག་ཀྱང་ཡོད་པ་དང་ ཁོང་རྣམ་པས་དམངས་གཙོའི་འཐབ་རྩོད་བྱེད་མཁན་བྱེད་མཁན་བོད་མི་ཁོ་ན་མ་ཡིན་པར་ རང་དབང་དང་དམངས་གཙོ་དོན་གཉེར་བ་རྒྱ་མི་ཚོས་རྒྱབ་བསྐྱོར་ཆ་ཚང་ཞུ་རྒྱུའི་ཁས་ལེན་བྱས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་ལུགས་རྒྱ་གར་གྱི་ཨེ་ཨེན་ཨའེ་ཞེས་པའི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག བཀའ་བློན་ཁྲི་པ་གསར་པའི་དམ་འབུམ་གྱི་མཛད་སྒོར་སོག་ཡུལ་དང་ ཐའེ་ལྦན། ཨི་ཊ་ལི་བཅས་ཀྱི་དཔོན་རིགས་སྐུ་མགྲོན་དུ་ཕེབས་ཡོད་འདུག སྒྱུ་རྩལ་བ་བསོད་ནམས་བསྟན་འཛིན་ལགས་ཀྱིས་ ངས་བློ་བཟང་སེངྒེ་ལགས་ཀྱི་སྐོར་བསམ་བློ་ག་དུས་བཏང་ཡང་སྤྲོ་སྣང་ཤར་གྱི་འདུག། ཁོང་ནི་ན་གཞོན་ཞིག་ཡིན་པས་ ནུས་ཤུགས་གསར་པ་ཞིག་བཏོན་གྱི་རེད་བསམ་པའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་གནང་འདུག བློ་བཟང་སེངྒེ་མཆོག་ནི་ བཙན་བྱོལ་ནང་འཚར་ལོངས་བྱས་པའི་ན་གཞོན་ཞིག་གིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཐོག་མ་དང་ དེ་ཡང་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཕྱི་བཤོལ་གྱིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བསྒྱུར་བཅོས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ སྲིད་སྐྱོང་བ་ཐོག་མ་དེ་ཡང་ཡིན་པ་རེད༎