བོད་སློབ་ཁག་ཤེས་རིག་ནས་རྩིས་བཞེས་གནང་གཏན་འཁེལ་བ།
2013.01.10
༄༅། །རྒྱ་གར་གཞུང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས། དེ་རིང་ཚེས་༡༠ཉིན་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་སྐུ་ཞབས་པི་ཅི་ཏམ་བྷ་རམ་ (P Chidambaram) མཆོག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། རྒྱ་གར་དབུས་གཞུང་གི་བློན་ཆེན་ལྷན་ཚོགས་ཐོག་གོ་བསྡུར་སྦྱངས་བཤད་གནང་མཐར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་གསལ་བཤད་གནང་བ་དང་སྦྲགས། དེའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གྲུབ་འབྲས་ཇེ་བཟང་དུ་གཏོང་ཆེད་ཡིན་སྐོར་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསལ་བཤད་གནང་དོན། དེ་རིང་རེས་གཟའ་ཕུར་བུའི་ཉིན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཨ་པུར་བ་ཅནྜ་མཆོག་གིས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཕྱག་བྲིས་ཤིག་བཏང་གནང་སྟེ། རྒྱ་གར་དབུས་གཞུང་གིས་བོད་སློབ་འཛིན་ཚོགས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུའི་ཐག་བཅོས་ཟིན་པའི་སྐོར་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལྟ་བུར་མཚོན་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཕྲུག་ལྟ་སྐྱོང་གི་ལས་དོན་ཐོག་ལ་སྔར་ལྷག་ཚགས་ཚུད་ཡོང་རྒྱུའི་ཡིད་ཆེས་དང་གདེང་སྤོབས་གནང་བ་ཞིག་མཚོན་བཞིན་ཡོད་པར་བསམ་བཞིན་ཡོད་ཅེས་གསུངས་པ་ལུང་འདྲེན་གནང་འདུག ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ནས་ཀྱང་། རྒྱ་གར་དབུས་གཞུང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཕན་རྒྱ་གར་གཞུང་མང་གཉིས་དང་ལྷག་པར་བོད་སློབ་འཛིན་ཚོགས་ནང་ཡུན་རིང་ནས་ཞབས་ཕྱི་ཞུས་པའི་རྒྱ་བོད་དགེ་རྒན་དང་ལས་བྱེད་རྣམ་པ་ཚང་མར་གོ་སྐབས་འདི་བཟུང་སྟེ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།།