ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས།
2014.01.05

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་ནང་གཏན་སྡོད་གནང་མཁན་བོད་མི་རྣམས་ལ་བྱིས་པའི་སྒྲུང་རྩོམ་ཡིག་དང་རི་མོའི་སྒྱུ་རྩལ་གྱི་འགྲན་སྡུར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བཞག དེ་ཡང་རྒྱ་གར་ནང་གཏན་སྡོད་གནང་མཁན་བོད་མི་ལོ་ན་༡༨ཡན་རྣམས་འགྲན་སྡུར་ནང་མཉམ་ཞུགས་གནང་ཆོག་པ་དང་། སྒྲུང་འབྲི་སྐབས་སུ་སྒྲུང་ཀློག་མཁན་བྱིས་པ་ལོ་ན་༤ནས་༧བར་གྱི་ཕྲུ་གུར་དམིགས་ནས་སྒྲུང་བྲིས་དགོས་པ། སྒྲུང་དེ་རང་རྩོམ་ངོ་མ་ཡིན་དགོས་པ་མ་ཟད། ཡིག་ཕྲེང་༡༥ལས་མ་མང་བ་དགོས་པ་དང་། བོད་ཡིག་དང་ཨིན་ཡིག་གང་རུང་ཐོག་བྲིས་ནས་ཕྱི་ཟླ་༡་ཚེས་༣༡གོང་ཤེས་རིག་ལས་ཁུངས་སུ་འབུལ་དགོས་ཡོད་འདུག དེ་ཡང་སྒྲུང་གི་བརྗོད་གཞི་ནི། ༡༽ཞལ་ལག ༢༽བྱ་བྱིའུ་དང་སྲོག་ཆགས། ༣༽བྱིས་པའི་རྩེད་མོ་དང་རྩེད་ཆས། ༤༽མི་ཕན་ཚུན་གྱི་འབྲེལ་ལམ། ༥༽དུས་ཆེན་ཁག་གང་རུང་གི་ཐོག་ལ་སྒྲུང་ཞིག་བྲིས་དགོས་ཡོད་འདུག འགྲན་སྡུར་ནང་འཛུལ་ཞུགས་གནང་མཁན་རྩེ་ཕུད་དྲུག་ལ་བྱ་དགའ་ཧིན་སྒོར་ཁྲི་གཅིག་རེ་དང་། ཕྱག་འཁྱེར་རེ་གནང་རྒྱུ་ཡིན་འདུག དེ་བཞིན་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་རྒྱུའི་བྱིས་པའི་བརྙན་དེབ་རྩོམ་མཁན་གྱི་སྦྱོང་བརྡར་ལས་རིམ་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་རྒྱུ་དང་། ༼སོན་རྩ་བྱིས་པའི་དེབ་ཕྲེང་།༽ཞེས་པའི་བྱིས་པའི་ཀློག་སྩལ་རིམ་པའི་ལས་གཞིའི་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་བཟང་པོ་ཡང་ཡོད་སྐོར་ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བཀོད་བཞག ཡང་ཤེས་རིག་ལས་ཁུངས་ནས་བྱིས་པའི་བརྙན་དེབ་ཆེད་རི་མོའི་སྒྱུ་རྩལ་གྱི་འགྲན་སྡུར་ཡང་གནང་རྒྱུ་ཡིན་འདུག།