རྒྱ་ནག་གཞུང་གིས་བོད་ནང་གི་བཀག་སྐྱིལ་ཁང་དང་བཙོན་ཁང་ཁག་དམ་དྲག་ཇེ་ཆེ་དང་རྒྱ་སྐྱེད་བཏང་ཡོད་འདུག

2023.07.27
རྒྱ་ནག་གཞུང་གིས་བོད་ནང་གི་བཀག་སྐྱིལ་ཁང་དང་བཙོན་ཁང་ཁག་དམ་དྲག་ཇེ་ཆེ་དང་རྒྱ་སྐྱེད་བཏང་ཡོད་འདུག སྙན་ཐོ་དང་འབྲེལ་བའི་ས་ཁྲ
Rand

དེ་ཡང་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་དོ་དམ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་མཉམ། དེའི་ཆེད་དོ་དམ་བཀག་སྐྱིལ་ཁང་དང་བཙོན་ཁང་ཁག་རྒྱ་སྐྱེད་བཏང་ཡོད་པ་དང་། དེ་ཡང་བདེ་འཇགས་ལྟ་སྐྱོང་སྲིད་ཇུས་ཟེར་བའི་མིང་ཐོག་ནས་བོད་ནང་སྟངས་འཛིན་དོ་ནན་བྱེད་བཞིན་ཡིན་པ་(Rand Europe research institute)་ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་སྙན་ཐོ་བཏོན་པའི་ནང་གསལ་འདུག
ཉམས་ཞིབ་ལྟེ་གནས་ཁང་དེའི་རྒྱལ་སྲུང་དང་བདེ་འཇགས་ཐད་ཀྱི་ཉམས་ཞིབ་ངེས་སྟོན་པ་(Ruth Harris)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་ཚོས་ཡིག་ཆ་གཞིར་བཟུང་ཞིབ་འཇུག་བྱས་བའི་གྲུབ་དོན། བོད་རང་སྐྱོང་ལྗོངས་ཟེར་བ་སྤྱི་ཡོངས་ཀྱི་ནང་དོ་དམ་དམ་དྲག་ཆུང་བའི་བཀག་སྐྱིལ་ཁང་དང་བཙོན་ཁང་ནས་དོ་དམ་དམ་དྲག་ཧ་ཅང་ཆེ་བའི་བཀག་སྐྱིལ་ཁང་དང་བཙོན་ཁང་བསྡོམས་༧༩ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་དག་ནང་དུས་ཐུང་ལ་བཀག་ཉར་བྱེད་ས་དང་རྒྱུན་རིང་བཙོན་འཇུག་བྱེད་ས་བཅས་ཚུད་ཡོད། ང་ཚོས་བར་སྣང་ནས་མཚན་མོའི་ས་གནས་ཀྱི་གློག་འོད་ལ་བརྟེན་ནས་བླངས་བའི་འདྲ་པར་ལས་༢༠༡༩ལོ་ནས་བཀག་སྐྱིལ་ཁང་དང་བཙོན་ཁང་དེ་དག་ནང་དོ་དམ་དམ་དྲག་ཆེ་རུ་བཏང་ཡོད་པ་མཐོང་ཐུབ་ལ་རྒྱ་སྐྱེད་བཏང་ཡོད་པ་ཚོད་དཔག་ཐུབ་ཅེས་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ད་རེས་ཡོ་རོབ་ཀྱི་(Rand)་ཉམས་ཞིབ་ལྟེ་གནས་ཁང་དེས་བོད་ནང་གི་དོ་དམ་བཀག་སྐྱིལ་ཁང་དང་བཙོན་ཁང་ཁག་གི་གནས་སྟངས་དཔང་རྟགས་དང་བཅས་སྙན་ཐོ་བཏོན་པ་ལས་བོད་ནང་གི་གནས་སྟངས་ར་སྤྲོད་བྱུང་བ་དང་། དམ་དྲག་གནས་སྟངས་འོག་ཡོད་པའི་བོད་ནང་གི་དོ་དམ་བཀག་སྐྱིལ་ཁང་དང་བཙོན་ཁང་ཁག་དམ་དྲག་ཇེ་ཆེར་བཏང་བ་དང་རྒྱ་སྐྱེད་གཏོང་བཞིན་པའི་གནས་སྟངས་འདི་དག་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་ནག་མཉམ་ངེས་བར་དུ་གླེང་སློང་གནང་དགོས་བའི་འབོད་སྐུལ་དང་། དེ་འབྲེལ་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་དང་དམར་ཤོག་ཚོགས་མི་ཚོར་ཉེས་ཆད་འགེལ་དགོས་བའི་རེ་སྐུལ་གནང་འདུག
གཞན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་སངས་སྒྲོལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་གི་བོད་མི་ཚོ་གང་བྱུང་འཛིན་བཟུང་བཀག་ཉར་དང་། དམ་དྲག་གནས་སྟངས་འོག་བོད་མི་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་ལྟར། བོད་ཀྱི་ས་གནས་ཁག་གང་སར་རྒྱ་ནག་གིས་དོ་དམ་བཀག་སྐྱིལ་ཁང་དང་བཙོན་ཁང་བཙུགས་ཡོད། དེ་བས་ད་ལྟའི་བོད་ནང་གི་གནས་སྟངས་སྡུག་ཏུ་སོང་བ་མ་གཏོགས་ཡག་ཏུ་སོང་མེད་པ་གསལ་བོ་ཡིན་པ་གསུངས་བྱུང་།
གོང་བརྗོད་ཉམས་ཞིབ་ཁང་དེའི་སྙན་ཐོའི་ནང་། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡོད་པའི་དོ་དམ་བཀག་སྐྱིལ་ཁང་དང་བཙོན་ཁང་༧༩་ནང་ནས་༡༤མཚན་མོ་མིས་བཟོས་འཁོར་སྐར་བརྒྱུད་བར་སྣང་ནས་པར་བླངས་སྐབས། ཕྱི་ལོ་༢༠༡༩ནས་༢༠༢༠བར་ས་གནས་དེ་དག་ནང་དོ་དམ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཕྱི་ལོ་༢༠༢༡ནས་༢༢བར་ཧ་ཅང་དམ་དྲག་ཆེ་བའི་བཀག་སྐྱིལ་ཁང་དུའང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་དོ་དམ་བཀག་བསྐྱིལ་ཁང་དང་བཙོན་ཁང་ཁག་རྒྱ་སྐྱེད་བཏང་ཡོད་པ་སོགས་ཤེས་རྟོགས་བྱུང་བ་འདྲ་པར་དང་བཅས་བཏོན་འདུག
ད་དུང་གནས་ཚུལ་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བཙོན་ཁང་ཁག་ནང་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མི་སྣ་དང་། མཁས་དབང་། ལས་འགུལ་བ་སོགས་ལ་བསུན་གཙེར་དང་། བརྙས་བཅོས། མནར་གཅོད་གཏོང་རྒྱུ་མང་དུ་བཏོང་བཞིན་པའི་བློ་འཚབ་གནང་གི་ཡོད་འདུག་ལ། དེ་བཞིན་གནད་དོན་ལྟ་ཞིབ་པ་ཚོས། མང་ཚོགས་གནས་སྡོད་བྱེད་སར་གསང་བའི་ལྟ་ཞིབ་ཆེད་འཕྲུལ་ཆས་པར་ཆས་རིགས་མང་པོ་བཙུགས་པ། མང་ཚོགས་ལ་བཙན་དབང་གིས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ། བོད་ཕྲུག་ས་ཡ་གཅིག་ཙམ་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་ནས་གཏན་འཇགས་སློབ་གྲྭ་ཁག་ཏུ་རྒྱ་བསྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པ་རྒྱལ་སྤྱིའི་མཁས་དབང་ཚོས་གསུང་ཡོད་པ་སོགས་བོད་མིའི་སྐད་ཡིག་དང་རིག་གཞུང་ཆོས་ལུགས་བཅས་རྩ་མེད་བཟོ་ཐབས་བྱ་བཞིན་པའི་ཐོག་རྒྱ་ཧན་མི་རིགས་ཀྱིས་བོད་ས་ཁེངས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་བྲིས་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎