བོད་ཀྱི་མང་གཙོ་དུས་ཆེན་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་གྲོང་སྡེ་ལྷན་ཁང་ཞིག་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ཨ་རིའི་མེ་སེ་ཆུའུསེཊི་མངའ་སྡེའི་གྲོས་ཚོགས་གོང་མས་བོད་ཀྱི་མང་གཙོ་ལ་དགའ་བསུའི་གྲོས་ཆོད་བཞག་འདུག
བོད་ཀྱི་མང་གཙོ་དུས་ཆེན་ཐེངས་རེ་གཅིག་པ་ཟླ་༩་བའི་ཚེས་༣་ཉིན། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ནུབ་ཕྱོགས་སུ་འཁེལ་བའི་(The London Borough of Waltham Forest Council)་གྲོང་སྡེ་ལྷན་ཁང་གི་ཚོགས་ཁང་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ནས་བོད་ཀྱི་མང་གཙོ་དུས་ཆེན་དང་འབྲེལ་བའི་མཛད་སྒོ་ཚོགས་ཡོད་པ་དང་། ད་རེས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་བ་ཐེངས་༤་པ་དེ་ཡིན་པ་རེད།
སྐབས་དེར་གྲོང་སྡེ་ལྷན་ཁང་གི་ཚོགས་མི་(Berberi)་ལགས་ཀྱིས་གོ་སྒྲིག་འོག གྲོང་སྡེའི་སྤྱི་ཁྱབ་ལྕམ་(Elizabeth Baptise)་ལགས་དང་། གྲོང་སྡེའི་ལྷན་ཁང་གི་ཚོགས་མི་དང་ལས་བྱེད་པ་ཁག་ཅིག བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད། ས་གནས་བོད་མི་བཅས་མཉམ་ཞུགས་གནང་སྐབས། གྲོང་སྡེའི་སྤྱི་ཁྱབ་ལྕམ་(Elizabeth)་ལགས་ཀྱིས་དགའ་ཚོར་དང་བཅས་གྲོང་སྡེ་དེའི་ནང་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
དེ་བཞིན་ཉིན་དེར་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་(Republic Square)་ཐང་ཆེན་དུ་སྐུ་ཚབ་དོན་གཅོད་དང་། ས་གནས་བོད་མི་ལྷན་འཛོམས་ཐོག་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་པར། པེ་རི་སི་གྲོང་ཁྱེར་སྤྱི་ཁྱབ་པ་གཞོན་པ་(Jean-Luc Romero-Michel)་ལགས་དང་། གྲོང་སྡེ་ལྷན་ཚོགས་༢༠་པའི་འཐུས་མི་ལྕམ་(Genevieve Garrigos)་ལགས་ཕེབས་ནས་མཉམ་ཞུགས་གནང་ཡོད་འདུག

གཞན་ཨ་རིའི་(Massachusetts)་མངའ་སྡེའི་གྲོས་ཚོགས་གོང་མས། སྦོས་ཊོན་ས་གནས་བོད་མི་དང་། མངའ་སྡེའི་ནང་གི་བོད་མི་ཚོས་མང་གཙོའི་དུས་ཆེན་སྲུང་བརྩི་གནང་གི་ཡོད་པ་དང་བསྟུན་ནས་ཚེས་༢་ཉིན། གྲོས་ཆོད་ཞིག་བཞག་ནས་སྤྱི་བསྒྲགས་གནང་བའི་ནང་། བོད་མིའི་མང་གཙོའི་ལམ་བཟང་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༥༠ ང་གྲངས་ནས་དགོངས་པ་བཞེས་ཏེ་གསར་གཏོད་དབུ་འཛུགས་གནང་བ་ཞིག་ད་ལྟའི་བར་ལག་བསྟར་གནང་བཞིན་ཡོད་པ་དང་། དེ་འདྲའི་མང་གཙོའི་ལམ་ལུགས་འོག་༢༠༡༦་དང་༢༠༢༡་བཅས་སོ་སོར་བཙན་བྱོལ་བོད་མི་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་༣༠་ཙམ་གྱི་ནང་འོས་བསྡུ་བྱས་ནས། རང་གི་འགོ་ཁྲིད་སྲིད་སྐྱོང་འདེམས་བསྐོ་གནང་ཡོད་པའི་བོད་ཀྱི་མང་གཙོ་ལ་བསྔགས་བརྗོད་དང་དགའ་བསུ་གནང་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།