དོན་གཅོད་འཕོ་འགྱུར་དང་འབྲེལ་མི་མང་གི་འདོད་བློ་མ་ཁེངས་བའི་ལས་འགུལ་སྤེལ་འདུག
2017.11.27

བཙན་བྱོལ་ནང་ཡོད་པའི་མི་མང་དང་བླངས་ལས་འགུལ་བས་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་གང་མགྱོགས་ཐག་གཅོད་གཙང་མ་དགོས་པའི་ཞུ་འབོད་ལས་འགུལ་ཞིག་སྤེལ་གནང་འདུག
དེ་ཡང་འདི་ཚེས་༢༧་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་རྡ་ས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་རྒྱ་གར་དང་། བལ་ཡུལ་གྱི་ས་གནས་ཁག་ཅིག་དང་། བཞུགས་སྒར་དྷ་རམ་ས་ལའི་ཁུལ་གྱི་སེར་སྐྱ་མི་མང་ ༡༢༠ ་ལྷག་འདུ་འཛོམས་ཀྱིས། ཉེ་སྔོན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གློ་བུར་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་འཕོ་འགྱུར་བཏང་བའི་སྐོར་བཀའ་ཤག་ནས་སྔ་རྗེས་སུ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་རིམ་པ་ཞིག་གནང་ཡོད་ཀྱང་གསལ་བཤད་དེ་དག་ཁ་གསལ་དང་། དྲང་བདེན་སོགས་མིན་ལུགས་ཀྱིས་མི་མང་གི་འདོད་བློ་མ་ཁེངས་པར་བརྟེན་བཀའ་ཤག་ནས་གནད་དོན་དེ་ཁ་གསལ་བཟོ་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བ་ཡིན་འདུག
ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་བླངས་མི་མང་ཚོའི་ཕྱག་ལ་བསྣམས་པའི་འཕྲེད་དར་ཐོག་“བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ལས་འགུལ” “རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་དེ་གང་མགྱོགས་ཐག་གཅོད་བྱེད་དགོས།” “༧གོང་ས་མཆོག་གི་མཛད་འཕྲིན་ལ་རྩིས་མེད་རྡོག་རོལ་བཏང་མི་ཆོག” “དབང་ཆ་ལོག་པར་སྤྱོད་མི་ཆོག” “མི་མང་གི་མངོན་འདོད་སྣང་མེད་གཏོང་མི་ཆོག” ཅེས་སོགས་བཀོད་འདུག་ལ་དེ་འབྲེལ་གྱི་སྙན་ཞུ་ཞིག་ཀྱང་ལས་འགུལ་བ་ཚོས་བཀའ་ཤག་ལ་འབུལ་ཡོད་ཡོད་པ་དང་། དྲུང་འཕར་ཕུན་ཚོགས་ཚེ་རིང་གིས། “མང་གཙོ་རེད། སྨྲ་བརྗོད་རང་དབང་ཐོག་ནས་སོ་སོས་དགོས་འདུན་བཏོན་ཆོག་གི་རེད། ཁོང་ཚོའི་སྙན་ཞུ་དེ་སང་ཉིན་བཀའ་ཤག་ལྷན་ཚོགས་ཐོག་སྤྱན་འབུལ་ཞུ་ཡ་ཡིན་”ཞེས་གསར་འགོད་པ་ཚོར་གསུངས་འདུག
གསར་འགོད་པ་དབྱངས་སྒྲོལ།