ཨན་ཌོ་ར་རྒྱལ་ཁབ་ནང་གི་ཟམ་པ་རིང་པོ་ཞིག་ལ་བོད་ཀྱི་ཟམ་པ་ཞེས་གཞུང་འབྲེལ་དབུ་འབྱེད་གནང་འདུག

2024.10.22
ཨན་ཌོ་ར་རྒྱལ་ཁབ་ནང་གི་ཟམ་པ་རིང་པོ་ཞིག་ལ་བོད་ཀྱི་ཟམ་པ་ཞེས་གཞུང་འབྲེལ་དབུ་འབྱེད་གནང་འདུག ཨན་ཌོ་ར་རྒྱལ་ཁབ་ནང་གི་ཟམ་པ་རིང་པོ་ཞིག་ལ་བོད་ཀྱི་ཟམ་པ་ཞེས་གཞུང་འབྲེལ་དབུ་འབྱེད་གནང་སྐབས། ༡༠།༢༠།༢༠༢༤
མཐུན་འགྱུར་པར་རིས། ཐུབ་བསྟན་དབང་ཆེན།

དེ་ཡང་ཟླ་བ་འདིའི་ཚེས་༢༠རེས་གཟའ་ཉི་མ་ཉིན་(UNESCO)་ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་སྡེ་ཚན་གྱི་རྒྱབ་སྐྱོར་འོག ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་དང་སི་པེན་གཉིས་ཀྱི་བར་ཡོད་པའི་ཨན་ཌོ་ར་(Andorra)་རྒྱལ་ཁབ་ཏུ། རྐང་ལམ་ཟམ་པ་བོད་ཀྱི་ཟམ་པ་ཞེས་པ་དེང་དུས་ཀྱི་འཕྲུལ་ལས་ལག་རྩལ་དང་སྤུས་གཙང་གི་ལྕགས་བེད་སྤྱད་ནས་བཟོ་སྐྲུན་བྱས་པའི་ཟམ་པ་རིང་ཚད་མི་ཊར་༦༠༣ཅན་ཞིག་ཡོད་པ་གཞུང་འབྲེལ་གྱིས་དབུ་འབྱེད་གནང་ཡོད་པ་རེད་འདུག
བོད་ཀྱི་ཟམ་པ་དབུ་འབྱེད་མཛད་སྒོའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨན་ཌོ་ར་(Aandorra)་རྒྱལ་ཁབ་ཏུ་བོད་ཀྱི་ཟམ་པ་ཞེས་པ་དེ་གསར་བསྐྲུན་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་དེ་ནི་འཛམ་གླིང་སྟེང་ས་བབ་མཐོ་ཤོས་དང་ཞི་བདེའི་མཚོན་དོན་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཉེ་ལམ་ཨན་ཌོ་ར་རྒྱལ་ཁབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་སྡེ་ཚན་ནས་ཞི་བདེའི་ས་གནས་བདུན་གསར་འཛུགས་གནང་ཡོད་པ་དེའི་ཁོངས་ཡི་ཤུའི་ལྷ་ཁང་ཆུང་ཆུང་དྲུག་དང་། གོམ་པ་སྤོས་ཏེ་སོང་ན་ཟམ་པ་དེ་བརྒལ་བར་སྐར་མ་ཉི་ཤུ་འགོར་བའི་རྐང་ལམ་ཟམ་པ་དེར་བོད་ཀྱི་ཟམ་པ་ཞེས་ཞི་བདེ་མཚོན་སླད་དུ་གསར་འཛུགས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

TIBET BRIDGE” in ANDORRA (2).jpg
ཨན་ཌོ་ར་རྒྱལ་ཁབ་ནང་གི་ཟམ་པ་རིང་པོ་ཞིག་ལ་བོད་ཀྱི་ཟམ་པ་ཞེས་གཞུང་འབྲེལ་དབུ་འབྱེད་གནང་སྐབས། ༡༠།༢༠།༢༠༢༤

བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་མུ་མཐུད་དུ། ཨན་ཌོ་ར་ཞེས་པའི་རྒྱལ་ཁབ་དེའི་ནང་དུ་བོད་མི་གནས་སྡོད་གནང་མཁན་གཅིག་ཀྱང་མེད་ཀྱང་། རྒྱལ་ཁབ་དེའི་ཡུལ་མི་རྣམས་ཀྱི་ཁྲོད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཤུགས་ཆེ་གནང་མཁན་དང་། བོད་དོན་ལ་རྒྱབ་སྐྱོར་ཡོད་པ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་གནང་མཁན་མང་དག་ཅིག་ཡོད་པས། ཁོང་གིས་ཀྱང་རྒྱལ་ཁབ་དེའི་ཡུལ་མི་རྣམས་ལ་ནང་ཆོས་དང་སྐྱབས་འགྲོ་ངོ་སྤྲོད་སོགས་གནང་གི་ཡོད་པ་གསུངས་བྱུང་།
སྐུ་ཞབས་(Enric)་ནི་བོད་ཀྱི་ཟམ་པ་དབུ་འབྱེད་མཛད་སྒོ་གྲ་སྒྲིག་ཞུ་མཁན་ཡིན་པ་དང་། ཁོང་གིས་སྐབས་དེར་(Andorra)རྒྱལ་ཁབ་ཀྱིས་བོད་ཀྱི་ཟམ་པ་དབུ་འབྱེད་གནང་བས་གཙོ་ཆེར་ཆོས་ལུགས་གཉིས་བར་གྱི་མཐུན་ལམ་དང་འཛམ་གླིང་ཞི་བདེར་གནས་པ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་གི་ཡོད་པ་གསུངས་འདུག
བོད་ཀྱི་ཟམ་པ་ཞེས་པའི་རྐང་ལམ་ཟམ་པ་དེའི་གཞུང་འབྲེལ་གྱི་དབུ་བྱེད་མཛད་སྒོའི་ཐོག་ཨན་ཌོ་ར་རྒྱལ་ཁབ་ཀྱི་ཡི་ཤུའི་བླ་ཆེན་ཞིག་དང་། བོད་ཀྱི་སྐུ་ཚབ་མཚོན་ཆེད་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། དེ་བཞིན་ས་གནས་རྫོང་དཔོན་༣ དང་། ཆབ་སྲིད་མི་སྣ་ཁག་ཅིག་བཅས་ཁྱོན་མི་གྲངས་༡༥༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
ཨན་ཌོ་ར་(Andorra)་རྒྱལ་ཁབ་དེ་ནི་ཡོ་རོབ་ཁུལ་གྱི་རང་དབང་དང་ཞི་བདེ། དེ་བཞིན་དམངས་གཙོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱལ་ཁབ་དེར་མི་འབོར་ཁྲི་༨ཙམ་ཡོད་པ་རེད།

TIBET BRIDGE” in ANDORRA (3).png
ཨན་ཌོ་ར་རྒྱལ་ཁབ་ནང་གི་ཟམ་པ་རིང་པོ་ཞིག་ལ་བོད་ཀྱི་ཟམ་པ་ཞེས་གཞུང་འབྲེལ་དབུ་འབྱེད་གནང་།


སྤྱིར་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་གནས་སྟངས་འདྲ་མིན་འོག་ས་ཆ་དང་གཞུང་ལམ། ཐང་ཆེན་སོགས་ལ་བོད་མིང་དང་ཡང་ན་བོད་དང་འབྲེལ་བའི་མིང་བཏགས་ཡོད་པ་མང་པོ་ཡོད་པ་དང་། ༢༠༡༩ལོར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་བདེ་བཞི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་དང་བསྟུན། ནིའུ་ཡོག་གི་(Queens)་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་སྐུ་ཚབ་དང་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Jimmy Van Barmer)་ལགས་ཀྱིས་སྤྱི་ཁང་ཕུན་ཚོགས་བདེ་བཞིའི་ཚོགས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་(32nd Ave)་ཞེས་པའི་ལམ་གཞུང་དེར་(Tibet Way)་འམ་བོད་ཀྱི་ལམ་གཞུང་ཞེས་གྲོང་སྡེ་ལས་ཁུངས་ནས་མིང་བྱང་བརྗེ་བསྒྱུར་གནང་ཡོད་པ་རེད།
གཞན་ཨ་རིའི་ནིའུ་ཡོག་མངའ་སྡེའི་(Ithaca)་གྲོང་སྡེ་ལྷན་ཚོགས་ཀྱིས་ཁུལ་དེར་ཆགས་པའི་རྣམ་རྒྱལ་གྲ་ཚང་གི་དགོན་པའི་ཉེ་འཁྲིས་ནས་གཞུང་ལམ་ཨ་མའི་བར་གྱི་ལམ་ཆུང་ཞིག་ཡོད་པ་དེར་(Tibet Drive)་འམ་བོད་ལམ་ཞེས་༢༠༠༤ལོར་མིང་བྱང་གི་བཀའ་ཁྲོལ་གཏན་འབེབས་གནང་ཡོད། ད་དུང་ཨ་རིའི་(Georgia)་མངའ་སྡེའི་(Atlanta)་གྲོང་ཁྱེར་ཉེ་འཁྲིས་སུ་ཆགས་པའི་(Savanna)་ཞེས་པའི་ས་གནས་ཀྱི་གཞུང་ལམ་ཆེ་གྲས་ཞིག་གི་མིང་བྱང་ཡང་བོད་ཀྱི་ལམ་ཆེན་ཞེས་མིང་རྟགས་ཡོད་འདུག་ལ། ཁུལ་དེར་གནས་བཞུགས་འབྲས་སྤུངས་བློ་གསལ་གླིང་དགོན་པའི་དགེ་བཤེས་ངག་དབང་ཕན་བདེ་ལགས་ཀྱིས་ བོད་ཀྱི་ལམ་ཆེན་ཞེས་པ་དེ་༡༩༧༠་ནས་ཡོད་པ་ཞིག་དང་། ལམ་ཆེན་གྱི་གཡས་གཡོན་དུའང་བོད་ཀྱི་མིང་བྱང་འཁོད་པའི་ས་ཁང་མང་པོ་མཐོང་རྒྱུ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨ་རིའི་(Florida)་མངའ་སྡེའི་ནང་དུ་(Tibet Drive)་འམ་བོད་ལམ་ཞེས་པ་དང་། (Tibet Bay Drive)་ཞེས་མཚོ་ཁའི་ཉེ་འཁྲིས་སུ་བོད་ཀྱི་མིང་བྱང་འཁོད་པའི་གཞུང་ལམ་མཐོང་རྒྱུ་ཡོད་པ་མ་ཟད། (Florida)་མངའ་སྡེའི་(Orlando)་གྲོང་ཁྱེར་ཉེ་འཁྲིས་སུ་ཡོད་པའི་མངའ་སྡེའི་སྤྱི་གླིང་རང་བྱུང་རྩི་ཤིང་གིས་ཁེངས་པའི་རྐང་ལམ་སྐྱིད་པོ་ཞིག་ཡོད་པའི་མིང་ལ་ཡང་(Tibet Butler Preserve)་ཞེས་བཏགས་འདུག
བཞུགས་སྒར་ཁུལ་དུ་དེ་སྔ་(Mcleod Gunj)་ནས་གངས་སྐྱིད་བར་གྱི་(Jogibara Road)་ཞེས་པ་དེའི་མིང་ལ་གཞུང་འབྲེལ་གྱིས་ད་ཆ་(Potala)་པོ་ཏ་ལ་ལམ་ཞེས་གཏན་འབེབས་བྱུང་ཡོད།
ཐེ་ཝན་ནང་དུའང་དེ་སྔ་སྲིད་འཛིན་ཟུར་པ་(Chen Shu bain)་གྱིས་སྣེ་ཁྲིད་པའི་དམངས་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་སྐབས་ཐེ་ཝན་གྱི་གྲོང་ཁྱེར་(Kaoxing)་ཞེས་པའི་ནང་(Tibet Road)་འམ་བོད་ལམ་ཞེས་མིང་བྱང་གཏན་འབེབས་བྱས་ཡོད།
གཞན་དེ་སྔ་སྤྱི་ལོ་༢༠༡༠ལོར་ཤར་ཡོ་རོབ་ཀྱི་(Lithuania)་རྒྱལ་ཁབ་ཀྱི་(Vilnius)་གྲོང་ཁྱེར་དཀྱིལ་དུ་ཡོད་པའི་ཐང་ཆེན་ཞིག་གི་མིང་བྱང་དེ་(Tibet Square)་འམ་བོད་ཐང་ཞེས་གཏན་འབེབས་བྱས་ཡོད་ཅིང་། ༢༠༡༧ལོའི་ཕྱི་ཟླ་༦པའི་ཚེས་༢༠་ཉིན་(Vilnuis)་གྲོང་སྡེ་སྤྱི་ཁྱབ་མཆོག་ནས་གཞུང་འབྲེལ་ཀྱི་སྒོ་ནས་དངོས་སུ་བོད་ཐང་ཞེས་བཀོད་པའི་མིང་བྱང་བཏགས་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་༡༩༩༡་ལོ་དང་། ༢༠༠༡ལོ། ཁྱད་པར་དུ་༢༠༡༣་ལོར་(Vilnius)་གྲོང་ཁྱེར་ནང་གི་བོད་ཀྱི་ཐང་ཆེན་ལ་ཆིབས་བསྒྱུར་གྱིས་རབ་གནས་མཛད་ཡོད་པ་རེད།


གསར་འགོད་པ། བདེ་ཆེན་དབང་མོ། དོན་གྲུབ་རྣམ་རྒྱལ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎