བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པའི་ཐད་རྒྱལ་ཚོགས་ཀྱིས་བློ་ཚབས་ཡོད་པ་གསལ་སྟོན་གནང་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་གསུམ་གྱིས་བོད་ནང་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་ཡས་མས་ཤིག་ཕ་མ་དང་བཙན་གྱིས་ཁ་བྲལ་བཅུག་ནས་རྒྱའི་རིག་གཞུང་དང་རྒྱ་སྐད་གཙོ་བཟུང་གི་སློབ་གསོ་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་དེ་ཉེན་ཁ་ཅན་ཞིག་ལ་ངོས་འཛིན་གྱིས་སེམས་ཚབས་ཆེན་པོ་ཡོད་པ་གཟའ་ཟླ་བ་ཕྱི་ཚེས་༦ཉིན་གསལ་བསྒྲགས་སྤེལ་འདུག
དེ་ཡང་ཨེ་ཕི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་མི་སྣ་གསུམ་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་ཆགས་ཀྱི་ཡོད་པ་དང་། དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྒྱ་ནག་ཅན་ཏུ་བསྒྱུར་ཐབས་ཀྱི་སྲིད་ཇུས་དེ་ཧ་ཅང་གི་ཉེན་ཚབས་ཅན་ཞིག་ཡིན་པ་བརྗོད་འདུག
རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་དམིགས་བསལ་ཆེད་མཁས་པ་གསུམ་པོ་དེ་དག་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་། ཤེས་ཡོན། རིག་གཞུང་གི་ཐོབ་ཐང་བཅས་ཀྱི་ཐོག་ལ་དམིགས་བསལ་ལྟ་རྟོགས་བྱེད་མཁན་ཡིན་པ་རེད་འདུག
རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁྲི་བསྐུལ་བའི་དམིགས་བསལ་ཆེད་མཁས་པ་གསུམ་གྱིས། ཁོང་ཚོས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རིགས་སློབ་མ་མང་ཆེ་བ་བཅའ་སྡོད་སློབ་གྲྭའི་ནང་འཇུག་གི་ཡོད་པ་དང་། རྒྱ་ནག་སྤྱི་ཚོགས་རིང་ལུགས་ཞིག་ཏུ་བསྐྲུན་རྒྱུའི་ཆེད། བོད་མི་རིགས་ཀྱི་ངོ་བོ་རྒྱ་ནག་ཧན་མི་རིགས་སུ་བསྒྱུར་ཐབས་ཀྱིས་བཙན་བསྐུལ་གྱི་སྲིད་ཇུས་དེས། བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་འཕེལ་གཏོང་རྒྱུའི་ལས་འཆར་དང་དེར་མི་སྒེར་གྱིས་རྒྱབ་སྐྱོར་བྱེད་མཁན་རིགས་འབུར་འཇོམ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་སྔོན་ཡང་འབྲེལ་ཡོད་ཆེད་མཁས་པ་གསུམ་གྱིས་རྒྱ་ནག་ལ་གནད་དོན་དེའི་ཐོག་ལན་འདེབས་ཞིག་ཡོང་བའི་ཞུ་སྐུལ་བྱས་ཀྱང་རྒྱ་ནག་གཞུང་གིས་ད་བར་ལན་འདེབས་གནང་ཡོད་ཚོད་མི་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཅར་འདྲི་བྱས་སྐབས། ད་ཐེངས་རྒྱལ་ཚོགས་ཀྱི་ཁྱད་མཁས་པའི་གསལ་བསྒྲགས་དེ་ནི་རང་དབང་ཅན་གྱི་ཁྱད་ལས་པའི་ཞིབ་འཇུག་གི་གྲུབ་དོན་ཞིག་གསལ་སྟོན་བྱས་བའི་ཆ་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དང་ཐོག་༢༠༢༡ལོར་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། བོད་ནང་ཁྱོན་ཡོངས་སུ་རང་ལོ་༦ནས་༡༨བར་གྱི་བྱིས་པ་འབུམ་བརྒྱད་ཙམ་རང་གི་ཕ་མ་དང་། རང་གི་སྤྱི་ཚོགས་ནས་ཁ་བྲལ་དུ་བཏང་ནས་གཏན་འཇགས་སློབ་གྲྭར་སློབ་འཇུག་བྱས་ཡོད་པ་དང་། ཕྲུ་གུ་དང་ཕ་མ་བར་འབྲེལ་བ་དེ་ཙམ་བྱེད་དུ་འཇུག་གི་མེད་ཅིང་། དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་དང་། རིག་གཞུང་རྩ་མེད་གཏོང་བར་བོད་མི་ན་གཞོན་རྣམས་ལ་དམིགས་པའི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། གནད་དོན་དེ་རིགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཆེད་འབྲེལ་ཡོད་ཚོས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།