སྒྱུ་རྩལ་བ་རྣམས་ནས་སྒྱུ་རྩལ་སྣ་མང་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་བཞིན་པར་བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་སོང་།

2024.12.02
སྒྱུ་རྩལ་བ་རྣམས་ནས་སྒྱུ་རྩལ་སྣ་མང་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་བཞིན་པར་བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་སྐབས་གསུང་བཤད་གནང་སྐབས། ༢༠༢༤།༡༢།༠༡ ཉིན།
RFA/ Tenzin Woser

ཟླ་ ༡༡ ཚེས་ ༢༩ ཉིན་ནས་བོད་སྨྱུག་དཔེ་སྐྲུན་ཁང་གིས་བཞུགས་སྒར་དུ་ཉིན་གསུམ་རིང་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་གོ་སྒྲིག་གནང་ཡོད་པ་དེ་བཞིན། ཟླ་ ༡༢ ཚེས་ ༡ ཉིན་མཇུག་སྒྲིལ་ཏེ་མཇུག་སྡོམ་གྱི་མཛད་སྒོ་ཞིག་མེག་གྷན་དུ་རྟེན་གཞི་བྱས་པའི་བྷག་སུ་གསོལ་མགྲོན་ཁང་དུ་འཚོགས་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་ཚེ་རིང་ལགས་ཆེད་ཕེབས་ཀྱིས། སྒྱུ་རྩལ་བ་རྣམས་ནས་སྒྱུ་རྩལ་སྣ་མང་བརྒྱུད་བོད་ཀྱི་རིག་གཞུང་དང་ངོ་བོ་སོགས་རྒྱུན་འཛིན་གྱིས་རྒྱལ་སྤྱིའི་ཁྲོད་བོད་དོན་དྲིལ་བསྒྲགས་གནང་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་སོང་ལ། བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་དེར་མཐུན་འགྱུར་རོགས་སྐྱོར་གནང་མཁན་གཙོ་གྲས་བོད་ཀྱི་ཐེབས་རྩའི་འགན་འཛིན་(Bob Ankerson) ལགས་ཀྱིས། བོད་ཀྱི་ཐེབས་རྩའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གཞུང་དང་ངོ་བོ་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཐད་མཐུན་འགྱུར་རོགས་རམ་སྦྱོར་རྒྱུ་དེ་ཡིན་ཞིང་། ཐེངས་འདིར་བོད་ཀྱི་སྒྱུ་རྩལ་བ་མང་པོ་ཞིག་དུས་གཅིག་ཏུ་ཐུག་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་ཡོད་སྐོར་དང་འབྲེལ། བོད་པའི་རིག་གཞུང་རྒྱུན་འཛིན་གནང་བཞིན་པའི་སྒྱུ་རྩལ་བའི་མངོན་འདོད་སྒྲུབ་ཆེད་བོད་ཀྱི་ཐེབས་རྩའི་ངོས་ནས་དུས་རྟག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཆེད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།

26722a76-0d83-4257-9c51-4f7a9586ebf0.jpg
བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་སྐབས། ༢༠༢༤།༡༢།༠༡ ཉིན།

གཞན་ཡང་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་དེ་བཞིན་གོ་སྒྲིག་གནང་མཁན་བུ་ཆུང་ལྡུམ་ར་བསོད་ནམས་ལགས་ནས། ཐེངས་འདིའི་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་དེའི་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་པའི་སྒྱུ་རྩལ་བ་མང་དག་ཅིག་ནས་མཉམ་ཞུགས་གནང་སྟེ། ཉིན་གསུམ་གྱི་ལས་རིམ་དེའི་ཁྲོད་སྒྱུ་རྩལ་བ་དེ་དག་དབར་སྒྱུ་རྩལ་དང་སྤྱི་ཚོགས་དེ་བཞིན་ཆབ་སྲིད་དབར་འབྲེལ་བ་སོགས་ཀྱི་སྐོར་བགྲོ་གླེང་གི་ལས་རིམ་སོགས་བརྒྱུད། སྒྱུ་རྩལ་བ་མི་རབས་རྒན་གཞོན་བར་གསུམ་དབར། སྣ་མང་རང་བཞིན་ལྡན་པའི་བོད་ཀྱི་སྒྱུ་རྩལ་སྐོར་བསམ་བློ་བརྗེ་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར། འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

35ff656a-3ac5-49c4-9a9b-5dae68c24211.jpg
བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་སྐབས། ༢༠༢༤།༡༢།༠༡ ཉིན།

རྩ་བའི་ཐེངས་འདིར་བཞུགས་སྒར་དུ་འཚོགས་པའི་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོའི་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་རིགས་སྒྱུ་རྩལ་བ་ཁྱོན་ ༣༠ ཙམ་ནས་མཉམ་ཞུགས་ཀྱིས། སྒྱུ་རྩལ་བ་ཕན་ཚུན་དབར་སྒྱུ་རྩལ་གྱི་བསམ་བློ་སོགས་བརྗེ་ལེན་བརྒྱུད་བོད་ཀྱི་ངོ་བོ་རྒྱུན་འཛིན་ཐུབ་རྒྱུའི་ལས་འཆར་ཡང་སྣ་མང་ཞིག་སྤེལ་ཡོད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎