བསྟན་འཛིན་དར་རྒྱས་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་འགོར་ཡང་ཁོང་གི་གནས་སྟངས་ཁ་གསལ་མི་འདུག
རྫ་བ་རོང་དགོན་པའི་བསྟན་འཛིན་དར་རྒྱས་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་ཡང་ཁོང་གར་ཁྲིད་གང་ཡིན་གྱི་གནས་སྟངས་གསལ་བོ་མེད་པར་ལྷག་བསྡད་འདུག
- 2021-12-14
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༩་བའི་ནང་། རྒྱ་ནག་གི་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྫ་ཆུ་ཁ་བ་རོང་ནས་ཡིན་པ། བ་རོང་དགོན་པའི་བསྟན་འཛིན་དར་རྒྱས་ལགས་ཀྱི་ཁ་པར་སྔོག་བཤེར་དང་འབྲེལ། ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་བྱས་ཡོད་ཚུལ་གྱི་ཉེས་འཛུགས་བྱས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་བར་ལོ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁོང་གི་ནང་མི་དང་གཉེན་འབྲེལ་སུས་ཀྱང་ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་དང་། ད་ལྟ་གང་དུ་ཡོད་མེད་སོགས་ཤེས་རྟོགས་གང་ཡང་མེད་པར་ལྷག་ཡོད་པས་སེམས་ཁྲལ་བྱེད་བཞིན་པ་བཙན་བྱོལ་ནང་ཡོད་པའི་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པ་ཅིག་གིས། དགེ་འདུན་པ་ཁོང་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་མིན་གྲྭ་བ་རེ་གཉིས་འཛིན་བཟུང་བྱས་ཡོད་པ་གོ་ཐོས་བྱུང་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཕ་ཡུལ་ཕྱོགས་སུ་དམ་དྲག་ཆེན་བྱེད་བཞིན་ཡོད་པས། གནད་དོན་དེའི་རིགས་ཐད་སྐད་ཆ་འདྲི་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྟབས། གནས་ཚུལ་ཁ་གསལ་ཞིག་ད་བར་ལག་སོན་བྱུང་མེད་སྐོར་བརྗོད་བྱུང་།
དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་ནི། རྫ་བ་རོང་དགོན་པའི་ཡིན་པ་དང་། ད་ལོ་དགུང་ལོ་སུམ་ཅུ་སོ་གྲངས་ནང་ཡོད་འདུག
བ་རོང་དགོན་ནི་རྫ་ཆུ་ཁ་རྫ་སེར་ཤུལ་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་། དགོན་པ་དེར་གྲྭ་པ་༢༥༠་ཙམ་ཡོད་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།