ཡིག་ཆ་མེད་པར་ཚོང་ལས་གཉེར་བའི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་གསེར་ཆེན་རྫོང་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག
ཡིག་ཆ་མེད་པར་ཚོང་ལས་གཉེར་བའི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་མཚོ་ལྷོ་གསེར་ཆེན་རྫོང་ནས་བོད་མི་ཁག་ཅིག་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཉེས་ཆད་བཅད་ཡོད་འདུག
- 2023-07-26
-
-
-
Your browser doesn’t support HTML5 audio
དེང་སྐབས་ནི་མདོ་སྨད་མཚོ་སྔོན་པོའི་འགྲམ་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་བའི་དབྱར་ཁའི་དུས་ཚིགས་ལ་འཁེལ་ཡོད་པ་དང་བསྟུན། མཚོ་ལྷོ་གསེར་ཆེན་རྫོང་ཅང་ཤེས་ཁུག་གྲོང་བརྡལ་རྨོག་རུ་སྡེ་བའི་བོད་མི་ཁ་ཤས་ཀྱིས་མི་མང་འདུ་འཛོམས་ཀྱི་དུས་སྐབས་དང་བསྟུན་ནས་ཚོང་རྫས་ཙག་ཙིག་རེ་བཙོང་སྟེ་འཚོ་བའི་ཁ་སྣོན་རེ་འཚོལ་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པས་དེ་ནི་ཁྲིམས་འགལ་ཡིན་ཚུལ་གྱིས་ན་གཞོན་ཞིག་གི་རླངས་འཁོར་ནང་ཚོང་རྫས་བཞག་པ་གཞུང་བཞེས་གཏོང་རྩིས་བྱེད་སྐབས། ས་གནས་ཡུལ་མི་དང་ཉེན་རྟོག་པའི་བར་ཁ་རྩོད་ཤོར་བའི་སྐབས་ཀྱི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། བརྙན་ཐུང་དེའི་ནང་རྒྱ་ཡིག་ནང་(གུང་ཧོ)་གསེར་ཆེན་སྤྱི་བདེ་ཞེས་བྲིས་པའི་ཉེན་རྟོག་པ་ཁ་ཤས་དང་རླངས་འཁོར་མདུན་དུ་རང་གི་དངོས་རྫས་གཞུང་བཞེས་གཏོང་རྩིས་བཀག་འགོག་བྱེད་མཁན་བོད་མི་ན་གཞོན་དང་འཐའ་འཁོར་དུ་མང་ཚོགས་མང་པོས་རུབ་ནས་ཡོད་པའི་བརྙན་ཐུང་ནང་དུ། ཉེན་རྟོག་པས་ཁྲིམས་འགལ་གྱིས་ཚོང་གཉེར་བྱས་ཚུལ་བརྗོད་སྐབས་བོད་མི་ན་གཞོན་དེས་རང་གིས་མགོ་བོས་རླངས་འཁོར་ལ་རྡུང་ཞོར་རྒྱ་སྐད་ནང་། ས་གནས་མང་ཚོགས་ཀྱིས་དངུལ་སྐར་མ་གང་བཙལ་མི་ཆོག་པ་ཅི་རེད། གཞན་པ་ནས་ཡོང་བའི་མི་ཚོས་ཚོང་གཉེར་བྱེད་ཆོག་ལ། ཁྱོད་ཚོ་གཞུང་གི་ཚོང་ལས་ཁང་ནས་ཚོང་གཉེར་ཆོག་ན། ང་ཚོ་ས་གནས་མང་ཚོགས་ཀྱིས་སོ་སོའི་ཁ་གསོ་ཐབས་ཀྱི་དངུལ་གང་ཡང་བཙལ་མི་ཆོག་པ་དེ་ཅི་ཡིན་ནམ་ཞེས་སྡུག་སྐད་འདོན་གྱིན་འདུག ཡང་བརྙན་ཐུང་དེའི་ནང་བོད་མི་ཉེན་རྟོག་པ་ཞིག་གིས་བཙན་སྐུལ་བྱེད་དུས་བོད་མི་ཞིག་གིས་སོ་སོའི་མི་རིགས་ལ་རྫིག་རྫིག་བྱེད་པ་ལས་གཞན་ལ་གང་ཡང་ལབ་ཐུབ་ཀྱི་མ་རེད་ཅེས་ལན་འདེབས་བྱེད་ཀྱི་འདུག
ཕན་ཚུན་བར་དུས་ཡུན་གང་འཚམ་ལ་ཁ་རྩོད་བྱས་པའི་རྗེས་སུ་དེང་ཐོག་རླངས་འཁོར་ཐོག་མགོ་རྡུང་མཁན་ན་གཞོན་དེ་དང་གཞན་བྱིས་བ་ཞིག་པང་ལ་བཟུང་བའི་ན་གཞོན་ཞིག་ཉེན་རྟོག་པའི་རླངས་འཁོར་ནང་བཅུག་ནས་འགྲོ་གྲབས་དུས་སུ། བུད་མེད་རྒན་མོ་ཞིག་རླངས་འཁོར་འོག་ཏུ་འཛུལ་ནས་ངའི་བུ་གཅིག་པོ་འཛིན་བཟུང་བྱས་སོང་ཞེས་ངུ་འབོད་བྱེད་བཞིན་ཉེན་རྟོག་པའི་རླངས་འཁོར་འགོག་ཐབས་བྱས་བ་དང་། དེ་བཞིན་བོད་མི་གཞན་ཞིག་གིས་སྣང་ཚུལ་འདི་ནི་མི་རིགས་བར་དབྱེ་འབྱེད་དང་མཐོང་ཆུང་རེད་ཅེས་བརྗོད་ཀྱིན་པ་མཐོང་རྒྱུ་འདུག་ལ་སྐབས་དེར་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།
དེའི་རྗེས་ཀྱི་གནས་ཚུལ་ཁ་གསལ་མེད་ཀྱང་གསེར་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཕྱི་ཟླ་༧པའི་ཚེས་༢༣ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཟླ་༧པའི་༢༠ཉིན་གསེར་ཆེན་རྫོང་ཅང་ཤེས་ཁུག་གྲོང་བརྡལ་སྲིད་གཞུང་དང་གསེར་ཆེན་རྫོང་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་སོགས་མཉམ་འབྲེལ་ཐོག་ཅང་ཤེས་ཁུག་རྨོག་རུ་སྡེ་བའི་མཐའ་འཁོར་དུ་ཡུལ་སྐོར་སྤྲོ་འཆམ་གྱི་སྣང་ཚུལ་མི་ལེགས་པར་རྡུང་རྡེག་དུས་སུ། རྨོག་རུ་སྡེ་བའི་སྡེ་མི་ག་གེ་མོ་སོགས་ནས་ཁྲིམས་འགལ་གྱིས་རྟ་ཞོན་རོལ་རྩེད་བྱ་འགུལ་སྤེལ་ནས་ཡུལ་སྐོར་སྤྲོ་འཆམ་པའི་ལག་ནས་སྒོ་མོ་བླངས་ཏེ་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཐད་གནོན་སྐྱོན་བཟོས་ཚུལ་སོགས་བཀོད་དེ། བོད་མི་དེ་དག་གིས་ཁྲིམས་མ་རྩིས་པར་རང་སྲོག་གཅོད་པ་སོགས་ཀྱི་ལམ་ནས་ཉེན་རྟོག་པར་འཇིགས་སྐུལ་བྱས་ཚུལ་དང་། དེ་བཞིན་བརྙན་ཐུང་དེ་དག་སྐད་འཕྲིན་སོགས་སུ་སྤེལ་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཞག་ཚུལ་གྱིས། བོད་མི་ཁ་ཤས་བཀག་ཉར་དང་ཁ་ཤས་ལ་དངུལ་གྱི་ཆད་བཅད་ཡོད་སོགས་བཀོད་འདུག
ད་ལྟ་ཨ་རིའི་ནང་གནས་སྡོད་བོད་མི་མང་སྤྱི་འཐུས་ཟུར་བ་རྨོག་རུ་བསྟན་པ་ལགས་ནས་ཁོང་གི་ཕ་ཡུལ་དུ་གནས་ཚུལ་འདི་རིགས་བྱུང་བ་ཐེངས་དང་པོ་མིན་ཞིང་། སྤྱིར་བཏང་ས་གནས་མང་ཚོགས་ཀྱིས་རང་གི་ཁ་གསོ་ཐབས་ཆེད་མི་མང་འཛོམས་ས་ནས་དངུལ་ཏོག་ཙམ་བཙལ་བ་དེས་བདེ་འཇགས་ལ་གནོད་ཀྱི་མེད་ལ་ཁོར་ཡུག་ལའང་གནོད་ཚབས་གང་ཡང་མེད། ཡིན་ནའང་གཞུང་གིས་སྔོན་བརྡ་གང་ཡང་མ་བརྒྱབ་པར་མང་ཚོགས་ལ་བཙན་པོ་དབང་ཡོད་བྱེད་བཞིན་པ་གསུང་བྱུང་།
དེ་བཞིན་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་ཀྱང་། ཉེ་ཆར་བྱུང་བའི་གནས་ཚུལ་འདི་ནི་བོད་ནང་ས་ཁུལ་མང་པོར་བྱུང་བཞིན་པའི་མང་ཚོགས་ཀྱི་འཚོ་གནས་དང་འབྲེལ་བའི་དཀའ་ངལ་དང་རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་བཏང་ཚུལ་གྱི་འུར་སྒྲོག་དང་འགལ་ཟླར་གྱུར་བའི་གནད་དོན་གལ་ཆེན་ཞིག་ལ་ངོས་འཛིན་གནང་གི་འདུག
དེ་མིན་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ནས་གོང་ཞུས་བརྙན་ཐུང་དེ་ཕྱི་ལ་ཤོར་བའི་རྗེས་སུ་ས་གནས་ཉེན་རྟོག་ཕྱོགས་ནས་གསལ་བསྒྲགས་སྤེལ་ཏེ་མི་མང་ལ་ཉེན་སྐུལ་དང་། སྤྱིར་བཏང་བོད་ཀྱི་ས་ཁུལ་ཡག་ཤོས་དེ་ཚོ་དང་ས་གནས་གཞུང་དང་རྒྱ་ནག་ནང་ཁུལ་གྱི་ཚོང་བ་སོགས་མཉམ་འབྲེལ་གྱིས་ཚོང་ལས་གཉེར་ནས་ས་གནས་རང་གི་མང་ཚོགས་ཀྱི་ཉིན་རེའི་འཚོ་བར་ཡང་དཀའ་ངལ་འཕྲད་བཞིན་པ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་གསུང་བྱུང་།
བོད་ནང་གི་རྒྱུས་ཡོད་མི་སྣས་བརྗོད་ན། འདས་པའི་ལོ་ཤས་ནས་བཟུང་མཚོ་སྔོན་པོའི་བྱང་རྒྱུད་དང་ལྷོ་རྒྱུད་དུ་ཆགས་པའི་ས་གནས་མང་ཚོགས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་གང་ཡང་གཉེར་མི་ཆོག་པར་ལྗོངས་རྒྱུ་ལྟ་སྐོར་ས་ཚིགས་དང་། ཚོང་ལས་རིགས་ཚང་མ་གཞུང་དང་ཚོང་བ་ཆེན་པོ་ཚོ་མཉམ་འབྲེལ་གྱིས་བདག་བཟུང་བྱས་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།