རྒྱ་ནག་གི་ཉེན་རྟོག་པས་སློབ་ཕྲུག་བཞི་འཛིན་བཟུང་དང་གཞན་བཞིའི་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག
དེ་ཡང་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༣ནང་། བོད་ཤར་ཕྱོགས་ཀྱི་རྒྱལ་རོང་ཆུ་ཆེན་ནམ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་གི་བོད་རིགས་སློབ་ཕྲུག་༨རྒྱ་གར་དུ་བྲོས་བྱོལ་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་རྗེས། ཆུ་ཆེན་རྫོང་རྒྱ་ནག་གི་ཉེན་རྟོག་པ་དང་ལྷ་སའི་འབྲེལ་ཡོད་རྒྱ་ནག་གི་ཉེན་རྟོག་པ་མཉམ་འབྲེལ་གྱིས། སློབ་ཕྲུག་བརྒྱད་ལས་བཞི་འཛིན་བཟུང་གིས་ཆུ་ཆེན་རྫོང་ཉེན་རྟོག་པར་རྩིས་སྤྲད་རྗེས། ཉིན་ཁ་ཤས་རིང་ཆུ་ཆེན་རྫོང་ཉེན་རྟོག་པས་འདྲི་གཅོད་གཅར་རྡུང་བྱས་ཏེ། སློབ་མ་རེར་རྒྱ་སྒོར་ཁྲི་གཉིས་ཀྱི་ཉེས་ཆད་བཅད་ནས་ཀློད་གྲོལ་བཏང་ཡོད་པ་དང་། དེ་མིན་སློབ་ཕྲུག་གཞན་བཞིའི་གནས་སྟངས་ད་བར་གསལ་བོ་མེད་པར་གྱུར་ཡོད་པར་བརྟེན། སློབ་ཕྲུག་དེ་དག་གི་ནང་མི་ཚོས་ད་བར་རྩད་གཅོད་འཚོལ་ཐབས་བྱས་ཀྱང་ཉེན་རྟོག་པ་ཚོས་སློབ་ཕྲུག་དེ་དག་ནག་ཚོགས་ཀྱི་ལག་ཏུ་ཤོར་ཡོད་པས། རྒྱ་སྒོར་ཁྲི་༨རེ་སྤྲད་ན་ཕྱིར་ལེན་ཐུབ་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་འབྲེལ་ཡོད་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པའི་ནང་མི་དང་སློབ་ཕྲུག་ཚོའི་བདེ་འཇགས་ཆེད་གནས་སྐབས་མིང་མཁོ་སྤྲོད་བྱས་མེད་ཀྱང་། སློབ་ཕྲུག་དེ་དག་ད་ལོ་ལོ་ན་༡༧་དང་༡༨་བར་གྱི་སློབ་འབྲིང་སློབ་མ་ཡིན་པ་དང་། དེ་མིན་གནས་སྟངས་ཁ་གསལ་མེད་པའི་སློབ་ཕྲུག་གཞན་ཚོ་རྒྱ་ནག་གི་མཐའ་མཚམས་བརྒལ་ནས་ནག་ཚོགས་ཀྱི་ལག་ཏུ་ཤོར་བས། རྒྱ་སྒོར་ཁྲི་༨ཡས་མས་སྤྲད་ན་ཕྱིར་ཉོ་ཐུབ་སྲིད་སྐོར་རྒྱ་ནག་ཉེན་རྟོག་པས་བཤད་པ་ཙམ་ལས། ཁོ་ཚོ་དོན་དངོས་རྒྱལ་མཚམས་གང་ནས་བརྒལ་ཡོད་དང་ནག་ཚོགས་ཀྱི་ལག་ཏུ་གང་འདྲ་ཟིག་ཤོར་བ་སོགས་ཞིབ་ཕྲ་གསལ་བཤད་བྱས་མེད་པ་འགྲེལ་བརྗོད་གནང་བྱུང་།
སློབ་ཕྲུག་དེ་དག་ཆུ་ཆེན་རྫོང་སློབ་འབྲིང་གཉིས་པའི་སློབ་མ་རྐྱང་ཡིན་པ་ལས། ད་ལྟའི་ཆར་ཁོ་ཚོ་རྒྱ་གར་དུ་བྲོས་བྱོལ་འགྲོ་དགོས་པའི་རྒྱུ་མཚན་དང་། གློད་གྲོལ་བཏང་བའི་སློབ་ཕྲུག་བཞི་དེ་ཕྱིར་སློབ་གྲྭར་འཛུལ་ཞུགས་བྱེད་བཅུག་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། གློད་གྲོལ་བཏང་ཟིན་པའི་སློབ་ཕྲུག་ཚོས་ཁོང་ཚོ་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་རྗེས་ཁ་འཐོར་སོང་ཡོད་སྟབས། སློབ་ཕྲུག་གཞན་བཞི་དེ་གང་དུ་འཛིན་བཟུང་བྱས་ཡོད་དང་གང་ཞིག་ཏུ་ཁྲིད་པ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་འདུག་ལ། འབྲེལ་ཡོད་ནས་བརྗོད་པར་གཞིགས་ན། སློབ་ཕྲུག་གི་ཕ་མ་དང་ཡུལ་མི་ཚོས་རྒྱ་ནག་གི་ཉེན་རྟོག་པ་ཚོས་དངུལ་འབོར་ཆེན་ལེན་ཐབས་ལས་སློབ་ཕྲུག་དེ་དག་རྒྱལ་མཚམས་བརྒལ་བ་དང་ནག་ཚོགས་ལག་ཏུ་ཤོར་མེད་པར། བཀག་ཉར་འོག་བཞག་ཡོད་པར་དོགས་ནས་མུ་མཐུད་དུ་རྩད་གཅོད་འཚོལ་ཐབས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཆུ་ཆེན་རྫོང་སློབ་འབྲིང་གཉིས་པ་ནི་ཆུ་ཆེན་རྫོང་མདོ་བུ་གྲོང་རྡལ་དུ་ཡོད་པ་དང་། སློབ་གྲྭའི་དྲ་རྒྱའི་ནང་གསལ་བ་ལྟར་ན། སློབ་འབྲིང་དེ་ཕྱི་ལོ་༡༩༥༦ནས་སློབ་ཆུང་གི་ངོ་བོར་འགོ་ཚུགས་ཏེ། ཕྱི་ལོ་༢༠༠༣ལོར་ས་གནས་སྲིད་གཞུང་ལ་རྩིས་སྤྲོད་དང་། ཕྱི་ལོ་༢༠༡༩ལོ་ནས་བཟུང་སློབ་འབྲིང་གི་ངོ་བོར་བསྒྱུར་ཡོད་ཀྱང་སློབ་གྲྭའི་སློབ་ཚན་ཚང་མ་རྒྱ་ཡིག་ནང་ཁྲིད་བཞིན་ཡོད་འདུག་ལ། ངོ་སྤྲོད་ནང་སློབ་ཚན་ཞོར་དུ་རང་ཉིད་ལ་འདོད་མོས་ཡོད་ཚེ་ཨ་མདོའི་སྐད་དང་དབྱིག་ཡིག་ཟུར་ཁྲིད་ཀྱི་ཆ་རྐྱེན་སྤྲོད་ཀྱི་ཡོད་པ་བཀོད་འདུག་ལ། སྤྱིར་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་མི་ཚོ་ཕྱི་ཕྱོགས་སུ་བྲོས་བྱོལ་ཐད་ས་མཚམས་ཁག་ཏུ་དམ་དྲག་ཤུགས་ཆེར་བྱས་རྐྱེན། དེང་སྐབས་ལོ་རེ་བཞིན་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།