དབྱངས་མཚོ་ལགས་ཀྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཚུལ་གྱིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2023.03.06
དབྱངས་མཚོ་ལགས་ཀྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཚུལ་གྱིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དབྱངས་མཚོ་ལགས་ཀྱི་པར། ༼ཟླ་ཚེས་མི་གསལ།༽
བོད་འབྱོར།

ཕྱི་ཟླ་༣ཚེས་༢ཉིན་གཞིས་ཀ་རྩེ་ནས་ཡིན་པའི་དབྱངས་མཚོ་ལགས་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས། ཁོ་མོའི་ཁ་པར་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས། རྣམ་གླིང་རྫོང་རྒྱ་མཚོ་ཡུལ་ཚོའི་ས་གནས་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་གསུང་ན། ད་ལྟའི་ཆར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ལྷ་ས་དང་གཞིས་ཀ་རྩེ་གྲོང་ཁྱེར་སོགས་ཀྱི་ས་གནས་གང་སར་ཐོབ་ཐང་དཔང་ཡིག་དང་མི་མང་གི་ཁ་པར་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། བུད་མེད་དབྱངས་མཚོ་ལགས་འཛིན་བཟུང་བྱེད་དགོས་དོན་ཁ་པར་སྔོག་བཤེར་སྐབས། ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་ཤེས་རྟོགས་བྱུང་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་ལས། ད་ལྟའི་ཆར་ནང་མི་ཚོར་ཁོ་མོ་དང་འབྲེལ་བ་བྱེད་འཇུག་གི་མེད་པ་འགྲེལ་བརྗོད་གནང་བྱུང་།
དེ་འབྲེལ་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། དབྱངས་མཚོ་ལགས་ཀྱིས་ཕྱི་ཕྱོགས་སུ་པར་རིས་སོགས་བརྒྱུད་བསྐུར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བཀོད་འདུག་པ་མ་ཟད། དབྱངས་མཚོ་ལགས་ནི་ད་ལོ་རང་ལོ་༢༣་དང་། ནམ་རྒྱུན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གངས་རི་ཟ་ཁང་ཞེས་པའི་ནང་ལས་ཀ་བྱེད་བཞིན་ཡོད་པ་བཀོད་འདུག
སྤྱིར་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲག་དང་སྔོག་བཤེར་རིགས་བྱེད་བཞིན་ཡོད་པ་དང་། འདི་ལོའི་ལོ་གསར་སྐབས་ལྷ་ས་ཁུལ་དུ་དྲག་ཆས་དམག་མི་འགྲེམས་འཇོག་དང་། ས་གནས་ཁག་ཏུ་མཇལ་བ་ཚོར་ཞིབ་བཤེར་དམ་དྲག་བྱས་ཡོད་པ་རེད།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎