རྡ་སར་བོད་གཞུང་དགའ་ལྡན་ཕོ་བྲང་གི་དེ་སྔའི་དམག་དཔུང་གི་ལོ་རྒྱུས་མཚོན་པའི་འགྲེམས་སྟོན།

བོད་གཞུང་དགའ་ལྡན་ཕོ་བྲང་གི་དེ་སྔའི་དམག་དཔུང་གི་ལོ་རྒྱུས་མཚོན་པའི་འདྲ་པར་ཕྱོགས་བསྒྲིགས་འགྲེལ་བཤད་དང་བཅས་པའི་འགྲེམས་སྟོན་ཞིག་བོད་ཀྱི་དཔེ་མཛོད་ཁང་དུ་གནང་བཞིན་འདུག
ཡོ་རོབ་ཧྥ་རན་སི་རྒྱལ་ཁབ་ཀྱི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་(Dr. Alice Travers)་ལགས་ནས། ཡོ་རོབ་དང་བྱང་ཨ་མི་རི་ཀ ཨུ་རུ་སུ་དང་ཤར་ཨེ་ཤེ་ཡ་བཅས་ཀྱི་ནང་གི་སྤྱི་སྒེར་ཡིག་ཚགས་སོགས་ནས་འཚོལ་སྡུད་ཀྱིས། སྤྱི་ལོ་༡༨༩༥ནས་༡༩༥༩བར་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གི་དྲག་པོའི་དམག་གི་དངོས་ཡོད་ལོ་རྒྱུས་མཚོན་པའི་འདྲ་པར་འགྲེལ་བཤད་དང་བཅས་པ། བོད་ཀྱི་ཡུལ་དམག་དང་གཏན་འཇགས་དམག་གི་འདྲ་པར་གྲངས་༡༦༦ཙམ། སྤྱི་ཟླ་༡༠པའི་ཚེས་༢༤ནས་སྤྱི་ཟླ་༡༡པའི་ཚེས་༡༡བར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་འགྲེམས་སྟོན་གནང་བཞིན་པ་དང་། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་(Dr. Alice Travers)་ལགས་ནས། མོ་རང་གིས་སྤྱི་ལོ་༡༩༥༩ཡར་སྔོན་གྱི་དགའ་ལྡན་ཕོ་བྲང་གི་དམག་མིའི་པར་རིས་ཀྱི་ཐོག་ལས་ཀ་བྱེད་བཞིན་པ་དེ་ནི། སྤྱི་ལོའི་དུས་རབས་༡༧ནས་༢༠བར་གྱི་དགའ་ལྡན་ཕོ་བྲང་གི་དམག་དཔུང་རྗེས་དྲན་གྱི་ལོ་རྒྱུས་ལས་འཆར་གྱི་ཆ་ཤས་ཆགས་ཀྱི་ཡོད་པ་དང་། པར་རིགས་ཉམས་ཞིབ་འདིས་གཙོ་ཆེར་༧རྒྱལ་དབང་སྐུ་ཕྲེང་༡༣དང་རྒྱལ་ཚབ་རིམ་པ། ༧རྒྱལ་དབང་༡༤བའི་སྐབས་བཅས་ཀྱི་བོད་དམག་གི་གནས་ཚུལ་མཚོན་པར་བྱས་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་པར་རིས་ཉམས་ཞིབ་འདིའི་ནང་བོད་དམག་གི་གནས་ཚུལ་གསལ་སྟོན་གནང་ཡོད་པ་སྟེ། སྤྱི་ལོ་༡༨༩༥ནས་༡༩༥༩བར་མི་ལོ་༦༥རིང་གི་༧རྒྱལ་དབང་༡༣ཆེན་མོ་དང་རྒྱལ་ཚབ་རིམ་པ། ༧རྒྱལ་དབང་༡༤བཅས་ཀྱི་སྐབས་སུ། བོད་ཀྱི་དམག་དཔུང་གི་སྒྲིག་ཆས་དང་དར་ཆ། དམག་ཐོབ་སོགས་ག་རེ་སྤྱོད་བཞིན་པ་གསལ་བོར་མཐོང་ཐུབ་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། འགྲེམ་སྟོན་ངོ་སྤྲོད་ཀྱི་ནང་དུའང་བོད་ཀྱི་དཔལ་ཡོན་ནི་ཧ་ལམ་ཆོས་ཕྱོགས་ཀྱི་ངོ་བོ་ལྡན་པའི་སྲིད་གཞུང་དང་། དགེ་འདུན་པའི་མི་འབོར་ཁེར་རྐྱང་བརྒྱུད་དེ་རྟོག་ཡུལ་དུ་འཆར་ཐབས་བྱས་ཡོད། འགྲེམས་སྟོན་འདིས་དེའི་ཚབ་ཏུ་སྐྱ་བོའི་ཁྱད་ཆོས་ཀྱི་གྲས་ནས་ད་བར་ཉམས་ཞིབ་ཉུང་ངུ་ལས་མ་བྱུང་བའི་༡༩༥༩སྔོན་གྱི་བོད་ཀྱི་དམག་དཔུང་ཐོག་འོད་སྣང་བསྐྲུན་ཐབས་བྱེད་ཀྱི་ཡོད་ཅེས་འཁོད་ཡོད་ཅིང་། ཉམས་ཞིབ་པ་(Dr. Alice Travers)་ལགས་ནས་བོད་ཀྱི་དམག་དཔུང་ལོ་རྒྱུས་ལ་ད་བར་ཉམས་ཞིབ་བྱས་པ་ཧ་ཅང་ཉུང་ཉུང་ཡིན། ཡིན་ན་ཡང་ལོ་རྒྱུས་སྨྲ་བ་ཞིག་ཡིན་པའི་ཆ་ནས་འགྲེམས་སྟོན་འདི་ནི་དངོས་ཡོད་གནས་ཚུལ་ཐོག སྤྱི་ལོ་༡༩༥༩བར་བོད་ཀྱི་དམག་དཔུང་གཞི་གྲུབ་ཡོད་པ་པར་རིས་ཀྱི་ལམ་ནས་གསལ་བོ་མཐོང་ཐུབ་པ་དང་། ཉམས་ཞིབ་ཀྱི་སྡེ་ཁག་ནང་དེ་ལ་ད་བར་དེ་ཙམ་ཞིབ་འཇུག་བྱས་མེད་ནའང་། བོད་གཞུང་གི་དམག་དཔུང་གི་པར་༡༦༦འདིས་བོད་གཞུང་གི་དམག་དཔུང་གི་ལོ་རྒྱུས་གསལ་རྟོགས་ཡོང་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
འགྲེམས་སྟོན་འདིར་བོད་མི་རྒན་དར་གཞོན་གསུམ་མང་པོ་ཞིག་གཟིགས་ཞིབ་ཏུ་བཅར་ཡོད་པ་ལས། སྤྱི་ལོ་༡༩༥༩ཡར་སྔོན་རང་ལོ་བཅོ་བརྒྱད་ནས་བོད་གཞུང་གི་དམག་མི་བྱས་པ་དང་། ད་ལྟ་རང་ལོ་༩༣ལ་ཕེབས་པ་བོད་དམག་ཟུར་པ་པ་སངས་དོན་གྲུབ་ལགས་ནས། ཁོ་རང་དམག་མི་བྱས་པ་དང་ནོར་གླིང་ཕོ་བྲང་གསར་རྒྱག་སྐབས་ཨར་པོ་བརྒྱབས་པར་རྒྱུག་པ་སོགས་ཕྱིར་དྲན་དང་འབྲེལ། སོ་སོ་སྨན་ཁང་དུ་ཞག་པོ་གཅིག་ཀྱང་ཉལ་མ་མྱོང་བར་བདེ་ཐང་ཡིན་པ་སོགས་ནི། དེ་སྔ་ཞབས་ཞུའི་བསྐལ་བཟང་ལ་བརྟེན་ནས་ཡིན་པར་ངོས་འཛིན་དང་དགའ་སྤྲོ་གནང་གི་འདུག
གཞན་ཡང་བོད་མི་བགྲེས་སོང་རྡོ་རྗེ་དགྲ་འདུལ་ལགས་ནས། ཁོ་རང་འདྲ་པར་འདི་ཚོར་གང་འཚམས་འབྲེལ་བ་ཡོད་པ་ཞིག་ཡིན་པ་སྟེ། ཁོ་རང་གི་ཕ་གཡར་བོད་ནས་གྲོང་དྲག་དམག་སྒར་ནས་ཡིན་པ་དང་། པར་ནང་དུ་འཁོད་པའི་ཚ་བ་ཁྲི་སྤྲུལ་དང་སྡེ་དཔོན་ལྡིང་བྱ་བ་སོགས་ནི། ང་རང་གི་ཆུང་མའི་སྤོ་བོ་ལགས་ཆགས་ཀྱི་ཡོད་པ་སོགས་མཐོང་སྟེ་ཧ་ཅང་དགའ་སྤྲོ་བྱུང་བ་གསུངས་བྱུང་།
བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་བཟུང་། སྤྱིར་བཏང་བོད་རང་གི་ཡུལ་དམག་དང་། སོག་པོའི་ཚོ་ཁག་གི་དམག་དཔུང་སོགས་ནས་བོད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་འགན་ལེན་གནང་གི་ཡོད་ནའང་། སོག་པོའི་ཚོ་ཁག་གི་སྟོབས་ཤུགས་ཉམས་པ་ནས་བཟུང་། བོད་རང་གི་རང་ལོ་བཅོ་བརྒྱད་ནས་དྲུག་ཅུའི་བར་གྱི་ཡུལ་དམག་དང་། སེར་འབྲས་སོགས་གདན་ས་ཆེ་ཁག་གི་གྲྭ་ཤར་བཅས་ནས་དམག་དཔུང་གི་ཚུལ་གྱིས་ཡུལ་ཁམས་སྲུང་སྐྱོབ་གནང་གི་ཡོད་མོད། སྤྱི་ལོ་༡༩༡༣ལོ་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་དམག་དཔུང་དང་མཚོན་ཆ་གསར་བསྒྲིགས་ཀྱིས། དེང་རབས་ཀྱི་གོ་མཚོན་ལྡན་པའི་བོད་དམག་ལ་དབྱིན་ཇི་དང་ཉི་ཧོང་གི་ལམ་སྲོལ་གྱི་དམག་སྦྱོང་ཕུལ་མྱོང་ཡོད་པ་མ་ཟད། བོད་ཤར་ཕྱོགས་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་དམག་འཐབ་ལ་ནུས་པ་ཆེན་པོ་ཐོན་ཡོད་སྟབས། སྤྱི་ལོ་༡༩༣༦ཙམ་ནས་བོད་ཀྱི་གཏན་འཇགས་དམག་དཔུང་གི་གྲངས་འབོར་ལྔ་སྟོང་ཙམ་དུ་འཕར་མྱོང་བ་མ་ཟད། ཕྱིས་སུ་ཡུལ་དམག་ཀྱང་ཕོན་ཆེན་དགོས་མཁོ་དང་བསྟུན་ནས་བསྡུ་རུབ་གནང་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།