བོད་ནང་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་ངོ་སྤྲོད།
2011.11.18
༄༅༎བཞུགས་སྒར་རྡ་རམ་སར་རྟེན་གཞི་བྱས་པའི་ཀིརྟི་དགོན་པའི་མགོན་བདག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཁ་ས་ཨ་མི་རི་ཀའི་གྲགས་ཆེ་བའི་ ལྦལ་སིཊི་ཇོ་ནལ་གསར་ཤོག་ལ་བོད་ནང་གྲྭ་བཙུན་ཚོས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་འདི་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་ལ་མ་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་པ་གསུངས་འདུག་
ཡང་རིན་པོ་ཆེ་མཆོག་གིས་གོང་ཞུས་གསར་ཤོག་ལ་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་ལས་བྱེད་བརྒྱ་ཕྲག་མང་པོ་བཀོད་བསྒྲིགས་ཀྱིས་ རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་ ཆོས་བྱེད་གྲྭ་བཙུན་ཚོའི་གྲྭ་ཤག་བསྔོག་བཤེར་དང་ གྲྭ་བཙུན་འཛིན་བཟུང་གིས་རྡུང་རྡེགས་གཏོང་བ་བཟོད་མི་ཐུབ་པ་བཟོ་བཞིན་ཡོད་པའི་གནས་ལུགས་ངོ་སྤྲོད་གནང་འདུག