རྒྱ་ནག་གིས་བོད་གཙོས་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་ཤུགས་ཆེ་རུ་ཕྱིན་པ་ཨ་རིས་སྙན་ཐོ་བཏོན་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་གཙོས་གྲངས་ཉུང་མི་རིགས་ཚོའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་ལུགས་བཀོད་འདུག

ཉིང་ཁྲི་ཁུལ་དུ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་ཉེན་རྟོག་པ། ༠༦།༢༠༢༢ AP

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་གཙོས་གྲངས་ཉུང་མི་རིགས་ཚོའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་ལུགས་བཀོད་འདུག
དེ་ཡང་ཕྱི་ཟླ་༡༡པའི་ཚེས་༡༦ཉིན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Jeff Merkley)་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་རྣམ་གཉིས་དབུ་བཞུགས་ཐོག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་སྙན་ཐོའི་ནང་། འདས་པའི་ཟླ་བའི་ནང་རྒྱ་ནག་གི་ཚོགས་ཆེན་༢༠པའི་ཐོག་ནས་ཞི་ཅིན་ཕིན་གྱི་དབང་ཆ་རང་གནས་སུ་འཇོག་རྒྱུའི་ཐག་ཆོད་བྱུང་བ་དེས། རང་བཞིན་གྱིས་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དམ་དྲག་བྱས་པ་མ་ཟད། རྒྱ་ནག་གི་ཕྱི་ཕྱོགས་སུའང་གནོན་ཤུགས་སྤྲོད་རྒྱུ་འགོ་ཚུགས་ཡོད་ལུགས་གསུངས་ཡོད་པ་རེད།
གོང་ཞུས་སྙན་ཐོ་དེའི་ནང་མུ་མཐུད་དུ་བཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་མུ་མཐུད་དུ་སྲིད་དབང་གཅིག་བསྡུས་ཀྱི་དབང་ཆ་འཛིན་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་སྟངས་འཛིན་དམ་དྲག་ནན་པོ་བྱེད་བཞིན་ཡོད་རེད་ཅེས་གསུངས་ཏེ། དཔེ་མཚོན་དུ་ཡུ་གུར་བ་དང་། བོད་མི། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་ཐོག་དྲག་གནོན་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་བ་དང་སྦྲགས། ང་ཚོའི་ངོས་ནས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་འདི་ལྟབུའི་གནས་སྟངས་ཛ་དྲག་པོ་དེ་དག་སེལ་ཐབས་དང་འགན་འཁྲི་འཁྱེར་དགོས་པའི་གནོན་ཤུགས་སྤྲད་དེ་གང་ལྟར་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་བསྒྱུར་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་དགོས་ལུགས་གསུངས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་སྙན་ཐོ་དེའི་ནང་ཚོགས་ཆུང་ནས་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀས་གནང་དགོས་པའི་འབོད་སྐུལ་དོན་ཚན་ཁག་ཅིག་བཀོད་གནང་ཡོད་པ་དེའི་ནང་། ༡༽ ཨ་རིའི་དབུས་གསང་བའི་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་གཉིས་རྒྱ་སྐྱེད་གཏོང་བའི་ཐོག་ནས་རྒྱ་ནག་གཞུང་ནས་ཕྱི་སྡོད་རྒྱ་རིགས་དང་། བོད་མི། ཡུ་གུར། ཧོང་ཀོང་བ་སོགས་སྡིག་ར་སྐུལ་བ་དང་བསུན་གཙེར་བཟོ་བའི་བྱ་སྤྱོད་འགོག་ཐབས་ཡོང་བ་བྱེད་རྒྱུ། ༢༽ རྒྱ་ནག་གི་དབང་འོག་ཏུ་ཚུད་པ་རྣམས་ལ་བཙན་བཤེད་ཀྱི་ལས་རྩོལ་སྐུལ་བ་དང་། སྐྱེས་སྒོ་བཀག་བཅུག་པ་། ཕྲུ་གུ་མངལ་ནང་ནས་རྩ་མེད་བཟོ་བཅུག་མཁན་གྱི་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོར་ཉེས་ཆད་འགེལ་རྒྱུ། ༣༽ ཨ་རིའི་ནང་རྒྱ་ནག་གི་ཚོང་དང་། གནོན་ཤུགས་སྤྲོད་རྒྱུའི་བྱ་སྤྱོད་སྤེལ་མཁན་ཚོ་འགོག་ཐབས། ༤༽ ཡུ་གུར་དང་སོག་པོ་གཞན་ཡང་གྲངས་ཉུང་མི་རིགས་ཚོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཡོང་ཐབས་སུ་ལས་འཆར་ཁག་ལ་རོགས་དངུལ་གནང་རྒྱུ་སོགས་གནད་དོན་ཁག་ཅིག་ཐོག་འབོད་སྐུལ་ཞུས་པས་མ་ཟད། ཨ་རིའི་གཞུང་ནས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་ཨུཛ་ར་ཛི་ཡ་(Uzra Zeya)་དགོས་ངེས་ཅན་གྱི་མི་སྣ་རྒྱུན་རིང་པོའི་རྗེས་བསྐོ་གཞག་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org