ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་བ་འདོན་འཆར་འདུག
2019.07.23

རྒྱ་ནག་གཞུང་གིས་མ་འོངས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱས་ན་འགྲིག་ཐབས་མེད་པ་ཨ་རིས་གྲོས་ཚོགས་ཀྱི་འཐུས་མིས་ཉེན་བརྡ་བཏང་འདུག
ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་གནད་ཡོད་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་(James McGovern )་མཆོག་གིས་གཟའ་འཁོར་རྗེས་མར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་ཞིག་ཨ་རིའི་གྲོས་ཚོགས་སུ་བཏོན་གནང་རྒྱུའི་འཆར་གཞི་ཡོད་པ་གསུངས་བ་དང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཚད་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ལ་ཡོད་པ་ལས་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱས་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་བཏང་གནང་འདུག
དེ་ནི་འདི་ཚེས་༢༡་ཉིན་ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་(James McGovern )་མཆོག་ནིའུ་ཡོག་དུ་ཕེབས་ནས་ཁུལ་དེའི་བོད་མི་དང་མཉམ་བོད་དོན་གྲོས་མོལ་གྱི་ཚོགས་འདུ་ཚོགས་གནང་སྐབས། ཁོང་གིས་བོད་ནང་རྒྱ་ནག་གི་བྱ་སྤྱོད་ལ་སྟངས་འཛིན་ཆེད་གང་མགྱོགས་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་ཞིག་འདོན་གནང་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་(Magnitsky) འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཞེས་པའི་ཁྲིམས་གཞིར་གཞི་བཅོལ་བའི་ཐོག་ནས་གལ་སྲིད་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོཊ་ལ་ཐེ་ཇུས་བྱས་ཚེ་ཨ་མི་རི་ཀས་རྒྱ་ནག་ལ་དཔལ་འབྱོར་བཀག་སྡོམ་བྱེད་རྒྱུ་དང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་བའི་དབང་ཚད་བོད་མི་དང་། བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ལ་ཡོད་པ་ལས་རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱས་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་བཏང་གནང་འདུག
ད་དུང་ཁྲིམས་འཆར་གསར་པ་དེའི་ཐོག་ནས་རྒྱ་ནག་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་བོད་རྒྱའི་གྲོས་མོལ་བསྐྱར་གསོ་བྱས་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཐོག་ ཨ་མི་རི་ཀས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་སྐྱོར་མུ་མཐུད་གནང་རྒྱུ་དང་། ཨ་མི་རི་ཀའི་གཞུང་གིས་ཁོང་ཚོར་དཔལ་འབྱོར་རོགས་སྐྱོར་གནང་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་རེད།
ཡང་ཁོང་གིས་ཁྲིམས་འཆར་འདིའི་དམིགས་ཡུལ་གཅིག་ནི། ད་ཡོད་ཨ་རིའི་བོད་ཀྱི་སྲིད་ཇུས་དེ་དག་གི་ནུས་བ་ཆེ་རུ་བཏང་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ཁང་གསར་འཛུགས་མ་བྱུང་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་གསར་འཛུགས་མཚམས་འཇོག་བྱ་རྒྱུའི་ཆ་རྐྱེན་ཡང་བཀོད་ཡོད་འདུག