ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་བོད་ནང་གི་ཆོས་དད་རང་དབང་ཐད་བློ་འཚབ་ཡོད་པ་བསྟན་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད་པ་གསལ་འདོན་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་བོད་མི་ཁག་ཅིག་དང་མཇལ་མོལ་སྐབས། @IRF_Ambassador

ཕྱི་ཚེས་༦རེས་གཟའ་མིག་དམར་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོ་(Rashad Hussain)་ལགས་ཀྱིས་ཁོང་གི་(Twitter)་དྲྭ་ལམ་བརྒྱུད། རྒྱ་ནག་མི་དམངས་སྤྱི་མཐུན་ཁབ་ཀྱིས་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ནང་ཡོད་པའི་ཁ་ཆེ་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལྷ་ཁང་ཁག་གི་ཁ་ཆེའི་ཆོས་ལུགས་ཀྱི་རྣམ་པ་མེད་པར་བཟོས་པ་གཙོས་ཆོས་ལུགས་རྒྱ་བསྒྱུར་གྱི་བྱ་བ་མུ་མཐུད་སྤེལ་བཞིན་པའི་གནས་ཚུལ་ལ་ངོས་རང་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་གནང་འདུག
ཁོང་གིས་ད་དུང་མུ་མཐུད་དུ། ཡུན་ནན་ཞིང་ཆེན་གྱི་(Najiaying)་གྱི་ཁ་ཆེ་ལྷ་ཁང་དེ་ནི་ཁ་ཆེ་བ་ཚོའི་ཕྱག་མཆོད་ཀྱི་ལྟེ་གནས་གལ་ཆེ་ཞིག་ཡིན་པ་མ་ཟད། རྒྱ་ནག་ནང་ཁ་ཆེའི་ཆོས་ལུགས་ཀྱི་རྣམ་པ་ལྡན་པའི་ཁ་ཆེའི་ལྷ་ཁང་རེ་ཟུང་ལས་ལྷག་མེད་པའི་གྲས་ཡིན་ཞིང་། རྒྱ་ནག་གཞུང་གི་ཆོས་ལུགས་ཁག་རྒྱ་བསྒྱུར་གྱི་སྲིད་ཇུས་ལ་གདོང་ལེན་ཁ་གཏད་གཅོག་མཁན་རྣམས་ལ་ཨ་རིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་ནན་བརྗོད་གནང་འདུག

གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ནི། རྒྱ་ནག་ནང་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང་ལ་དྲག་གནོན་མུ་མཐུད་བྱེད་བཞིན་པའི་དཔེ་མཚོན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ཁུལ་དུའང་དགོན་སྡེ་དང་རྩ་ཆེའི་ཆོས་ཕྱོགས་ཀྱི་བསྟི་གནས་ཁག་གཏོར་བཤིག་བཏང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་པའི་གནས་ཚུལ་འབྱུང་བཞིན་པས། ང་ཚོས་རྒྱ་ནག་གཞུང་ལ་དེ་འདྲའི་ཆོས་དད་རང་མོས་ལ་རྩིས་མེད་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་གནོན་ཤུགས་མུ་མཐུད་སྤྲོད་རྒྱུ་ཡིན་ཞེས་གསུངས་གནང་འདུག
སྐུ་ཞབས་(Rashad Hussain)་ལགས་ནི། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་གཞུང་ཚབ་པ་ཡིན་ཞིང་། ལས་དོན་གྱི་ཐད་ནས་ཁོང་གིས་ཆོས་དད་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་སྲིད་ཇུས་ཐད་ཨ་རིའི་སྲིད་འཛིན་མཆོག་དང་། དེ་བཞིན་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ལ་སློབ་སྟོན་པའི་འགན་འཁུར་གཙོ་བོ་བཞེས་ཀྱི་ཡོད་པ་རེད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org