ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱ་ནག་གཞུང་ལ་གླེང་སློང་གནང་བཞིན་ཡོད་ཟེར།

2023.05.12
ཨ་མི་རི་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱ་ནག་གཞུང་ལ་གླེང་སློང་གནང་བཞིན་ཡོད་ཟེར། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས། ༠༥།༠༩།༢༠༢༣
U.S. Department of State

ཉེ་ལམ་སྤྱི་ཟླ་༥བའི་ཚེས་༩ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་རང་དབང་ཁང་པའི་ལོ་འཁོར་གཟེངས་རྟགས་ཀྱི་མཛད་སྒོར་དམིགས་བསལ་གྱི་སྐུ་མགྲོན་དུ་ཕེབས་ནས་གསུང་བཤད་གནང་བའི་སྐབས་སུ། རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེན་པོའི་ངང་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་བཞིན་པའི་གནས་ཚུལ་ཐོན་བཞིན་པར་ང་ཚོར་སེམས་འཚབ་འདུག དེ་ནི་བོད་ཀྱི་མི་མང་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་དང་ལྟ་རྟོག་བྱ་ཐབས་གཞན་ཞིག་རེད་ཅེས་གསུངས་ཡོད་པ་དང་། དེ་ནི་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པའི་གནད་དོན་གླེང་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་མུ་མཐུད་དུ་དེ་འབྲེལ་གནས་ཚུལ་བཀའ་འདྲི་ཞུས་པར་མགྲིན་ཚབ་པ་ཞིག་གིས་ཡིག་ཐོག་བཀའ་ལན་གནང་བའི་ནང་། ཨ་མི་རི་ཀའི་ངོས་ནས་བོད་ནང་གི་བོད་མི་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་ཆེད་མུ་མཐུད་དུ་རྒྱ་ནག་གི་དཔོན་ཪིགས་ཚོ་དང་མཉམ་གྲོས་མོལ་དང་གླེང་སློང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། ཨ་མི་རི་ཀས་བོད་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱ་ནག་གཞུང་ལ་གླེང་སློང་མུ་མཐུད་དུ་གནང་བཞིན་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུངས་པ་ལྟར། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Uzra Zeya)་ལགས་ཀྱིས་ཉེ་ལམ་ཕྱི་ཟླ་༣པའི་ནང་དེ་འབྲེལ་ཨ་རིའི་གྲོས་ཚོགས་སུ་སྙན་སེང་ཞུས་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཁྲག་རིགས་རྒྱུད་རྫས་བསྡུ་རུབ་ཁྱོན་ཆེ་བྱས་ཏེ་བོད་མི་ཚོར་སྟངས་འཛིན་དང་དོགས་སྲུང་བྱ་ར་སྣོན་མ་བྱ་རྒྱུར་བཀོལ་སྤྱོད་བྱེད་བཞིན་པས་ང་ཚོར་བློ་འཚབ་སྐྱེས་གཞིར་གྱུར། ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་བཙན་གནོན་དང་བསུན་གཙེར་མཚམས་འཇོག་དགོས་པ་ནན་སྐུལ་བྱེད་ཀྱི་ཡོད་ཅེས་ཡིག་ཐོག་བཀའ་ལན་གནང་བའི་ནང་བྲིས་འདུག
ཚེས་༩ཉིན་གྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གཏམ་བཤད་ནང་ད་དུང་། མིའི་རིགས་ཀྱི་ཁྲག་རིགས་རྒྱུད་རྫས་བསྡུས་པ་དེས་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལས་གནད་དོན་གཞན་ཞིག་ཐོན་བཞིན་ཡོད། སྐྱེས་དངོས་རིག་པའི་ལག་རྩལ་དར་རྒྱས་སུ་སོང་བ་དང་བསྟུན་ནས། ཁྲག་རིགས་རྒྱུད་རྫས་དེ་ནི་མི་སྒེར་ལ་སྟངས་འཛིན་བྱེད་གཞིར་འགྱུར་ངེས་ཡིན་ལ། ང་ཚོས་རྒྱ་ནག་གཞུང་གིས་འདིའི་སྐོར་གྱི་ནག་ཉེས་སྐོར་ཞིག་ར་འཕྲོད་བྱུང་ཡོད་པ་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་རྒོལ་རྡུང་གཏོང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་གཞི་རྒྱ་ཆེན་པོས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པའི་གནས་ཚུལ་ཐོན་བཞིན་པར་སེམས་འཚབ་འདུག་ཅེས་གསུངས་འདུག

c129adc3-1f35-4d10-a562-66f962145338.jpeg
རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེན་པོའི་ངང་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་བཞིན་པའི་གནད་དོན་ཐད་སྙན་ཐོ་ཐོག་མ་འདོན་མཁན་ཁེ་ཎ་ཌའི་(Citizen Lab)་ཞེས་པའི་སྤྱི་ཚོགས་ཚན་རིག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་(Emile Dirks)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཁྲག་རིགས་རྒྱུད་རྫས་ཁྱོན་ཆེ་བསྡུ་ལེན་བྱ་བཞིན་པའི་གནད་དོན་ཐད་དོ་སྣང་བྱ་མཁན་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཨ་རིའི་གཞུང་གིས་ཐུགས་སྣང་གནང་བར་ཧ་ཅང་དགའ་པོ་བྱུང་། ལྷག་པར་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinkens)་ལགས་ཀྱིས་ཐད་ཀར་རྒྱ་ནག་གཞུང་གིས་བོད་ མིའི་(DNA)་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་བཞིན་པའི་ཐད་བློ་འཚབ་ཡོད་གསུངས་པ་དེས་རྒྱ་ནག་ལ་གནོན་ཤུགས་ཐེབས་ནས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ལན་རྒྱབ་དགོས་ཐུག་ཡོད་པ་རེད། དེ་ནི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གནད་དོན་དེའི་ཐད་ལན་འདེབས་གསལ་བཤད་བྱས་པ་ཐོག་མ་དེ་ཡིན་བསམ་ཀྱི་འདུག་ཞེས་གསུངས་བྱུང་།
སྤྱི་ཚེས་༡༠ཉིན་རྒྱ་ནག་གི་ཕྱི་འབྲེལ་གྱི་མགྲིན་ཚབ་པ་ཝང་ཝེན་པེན་ཟེར་བས། ཨ་རིའི་ཕྱི་སྲིད་དྲུང་ཆེའི་(Blinken) གཏམ་བཤད་དེར་ཁུངས་ལུང་མེད་ཚུལ་དང་། ཨ་རིའི་དམག་མིས་རྒྱ་ནག་དང་ཨ་རབ། ཡོ་རོབ་ཀྱི་ཨེ་རན་སི་(Aryan)་མི་རིགས་ཀྱི་ཁྲག་རིགས་རྒྱུད་རྫས་བསྡུས་ཡོད་ཚུལ་བཤད་ནས་ཕྱིར་སྐྱོན་བརྗོད་བྱས་ཡོད་འདུག

ཕྱི་སྲིད་དྲུང་ཆེ་མཆོག་གི་གཏམ་བཤད་ཆ་ཚང་།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎