ཨ་མི་རི་ཀས་རྒྱ་ནག་ལ་༧གོང་ས་མཆོག་དང་ལྷན་འབྲེལ་མོལ་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་པ་རེད།

ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་མིའི་དབུ་ཁྲིད༧གོང་ས་མཆོག་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད་འདུག
ཨ་མི་རི་ཀ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་བོད་མི་ས་ཡ་ཕྱེད་ཀ་ལྷག་བཙན་ཤེད་ཀྱི་སྒོ་ནས་ངལ་རྩོལ་བྱེད་འཇུག་བཞིན་པའི་ཐད་ཐུགས་ཚབས་ཆེན་པོ་གནང་བཞིན་པའི་ཐོག རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་དགོས་པའི་འབོད་སྐུལ་མུ་མཐུད་དུ་ཞུ་བཞིན་ཡོད་འདུག
དེ་ཡང་འདི་ཚེས་༣༠ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚན་པའི་དྲུང་ཆེ་ལས་རོགས་སྐུ་གཞོན་(Scott Busby)ལགས་སུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དམིགས་བསལ་བཅར་འདྲིའི་སྐབས། ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོ་བཙན་ཤེད་ཀྱི་ཐོག་ནས་ངལ་རྩོལ་བཀོལ་བཞིན་པའི་ཐད་ཐུགས་ཚབས་ཆེན་པོ་ཡོད་པ་གསུངས་པ་དང་སྦྲགས། ཨ་མི་རི་ཀའི་ངོས་ནས་བཙན་ཤེད་ཀྱི་སྒོ་ནས་ངལ་རྩོལ་བྱེད་འཇུག་མཁན་ཚོའི་བྱ་སྤྱོད་ལ་ལྟ་ཕྱོགས་ཤིག་འཛིན་གྱི་ཡོད་པ་དང་། བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་ནས་བཟོས་པའི་ཚོང་ཟོག་ནང་འདྲེན་བྱེད་རྒྱུའི་ཐོག་ལ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་སྲོལ་ཡོད་པས། འདི་འདྲའི་དབང་ཚད་ནུས་པ་ཁག་ལ་ལྟ་ཞིབ་བྱས་ནས་བོད་ནང་དུ་བོད་མི་ཚོ་བཙན་ཤེད་ཀྱིས་ངལ་རྩོལ་སྦྱོང་བརྡར་ལ་སྐུལ་པའི་བྱ་སྤྱོད་ཐད་ལ་ཡ་ལན་གང་འདྲ་སྤྲོད་དགོས་མིན་ལྟ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ད་དུང་ཁོང་གིས། ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཛད་འཕྲིན་དང་ནུས་པ་གལ་ཆེན་ཡིན་པ་ང་ཚོས་ངོས་འཛིན་ཞུ་གི་ཡོད་ལ། རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་ཐད་ཀར་འབྲེལ་མོལ་ཞུས་ནས་བཟང་ཕྱོགས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་བའི་འབོད་སྐུལ་མུ་མཐུད་དུ་ཞུ་བཞིན་ཡོད། ཅེས་གསུངས་ཡོད་པ་རེད།
དེ་སྔ་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)ལགས་ཀྱིས། ཉེ་བའི་ཕྱི་ཟླ་༡ཚེས་༢༠ཉིན་སྲིད་འཛིན་གྱི་འགན་འཁུར་བཞེས་པ་ནས་ད་བར་གཟའ་འཁོར་བཅུ་ཙམ་སོང་ཡོད་ཅིང་། ཁོང་སྲིད་འཛིན་འོས་མིར་བཞེངས་པའི་སྐབས། བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དང་། བོད་དོན་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་ལ་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན་པ་གསུངས་མྱོང་པ་རེད།
དེ་བཞིན་འདི་ཚེས་༣༠ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་དང་། ཧོང་ཀོང་། མའེ་ཁོ་བཅས་གཙོས་༢༠༢༠ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་དང་། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)ལགས་ཀྱིས། སྲིད་འཛིན་ འཇཱོ་སྦཡེ་ཌེན་(Joe Biden)གཞུང་འཛིན་གྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལས་དོན་ནང་གལ་ཆེན་དཀྱིལ་དབུས་སུ་འཇོག་རྒྱུའི་ཆོད་སེམས་བརྟན་པོ་འཛིན་གྱི་ཡོད་ཅིང་། འདི་ནི་ངེད་དང་ཕྱི་སྲིད་ལས་ཁུངས་ཡོངས་རྫོགས་ཀྱིས་གལ་གནད་ཆེན་པོར་བརྩི་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
དེ་སྔ་ཨ་རིའི་སྲིད་གཞུང་སྔ་མའི་སྐབས་སུ། ཕྱི་སྲིད་ལས་ཁུངས་ནང་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་གནང་རྒྱུར་དུས་ཡུན་ལོ་གསུམ་དང་ཕྱེད་ཀ་ལྷག་ཙམ་འགོར་ཡོད་ནའང་། འཇཱོ་སྦཡེ་ཌེན་(Joe Biden)གཞུང་འཛིན་གྱི་ངོས་ནས་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་གསུངས་གནང་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་༢༠༢༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་ནག་དང་མཉམ་དུ་བོད་དང་མཡེ་ཁོ། ཧོང་ཀོང་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་པོ་བཏོན་ཡོད་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པ་རྣམས་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་གྱུར་བ། དོ་དམ་བཙོན་འཇུག་དང་ཉེས་རྡུང་མནར་གཅོད་དྲག་གནོན་བྱེད་པ། དྲང་བདེན་གྱི་ཁྲིམས་བཤེར་ཞུ་གཏུག་བྱེད་ས་མེད་པ། སྨྲ་བརྗོད་དང་གསར་འགོད་རང་དབང་མེད་ཐོག དྲ་ལམ་འཕྲིན་ལམ་སོགས་ཀྱི་ནང་དུ་བོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད། ཧོང་ཀོང་བཅས་ཀྱི་གནས་ཚུལ་ལྟ་ས་མེད་པར་ཡོངས་སུ་བཀག་ཡོད་པ་བཅས་གཞི་རིམ་གྱི་རང་དབང་ཚུན་ཆད་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་བྱས་ཡོད་པ་མ་ཟད། བོད་ནང་གྲོང་ཚོ་སོ་སོར་བོད་མི་ཚོར་ལྟ་རྟོགས་བྱེད་མཁན་དམར་ཤོག་ཚོགས་པའི་མི་སྣ་བསྐོ་འཛུགས་བྱས་ནས། ཐ་ན་རྒྱུན་ལྡན་སྤྱི་མང་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལའང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག