ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བོར་བཀོད་འདུག

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་པའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་དང་དམ་དྲག་ཡོད་པ་བཀོད་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་མཆོག ༠༣།༢༠།༢༠༢༣ U.S. Department of State

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་༢༠ཉིན། ཕྱི་ལོ་༢༠༢༢ལོའི་བོད་དང་། ཧོང་ཀོང་ཤར་ཏུར་ཀིསུ་ཐན་ཐེ་བའི་འཛམ་གླིང་ནང་གི་རྒྱལ་ཁབ་འདྲ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་འདུག་ཅིང་། བོད་ཀྱི་སྐོར་ལ་ཟུར་བཏོན་སྙན་ཐོ་སྦྲགས་མ་ཤོག་གྲངས་༢༧ཅན་ཞིག་འདོན་སྤེལ་གྱིས། བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མིང་གསལ་སྟོན་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་མཆོག་གིས། ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དང་། ཧོང་ཀོང་། ཤར་ཏུར་ཀིསུ་ཐན་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་སྐོར་གསུངས་ཤིང་། སྙན་ཐོའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་མུ་མཐུད་དུ་གཏོང་བཞིན་ཡོད་པ་དང་། དེའི་ཁོངས་སུ་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ནག་ཉེས་བསགས་ཀྱི་ཡོད་པ། བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་བྱེད་མུས་ཡིན་པ། ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་ཐོབ་ཐང་ཐོག་དམ་དྲག་བཀག་སྡོམ་བྱེད་མུས་ཡིན་པ། དེ་བཞིན་རྒྱ་ནག་སྐམ་སའི་ནང་རང་གི་གཞི་རྩའི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་མཁན་ཚོར་དྲག་གནོན་བྱེད་བཞིན་ཡོད་སྐོར་གསལ་སྟོན་གནང་འདུག
ད་དུང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་མི་སྣ་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་ཆབ་སྲིད་བཙོན་པ་དང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་མཚན་གཞུང་བཀོད་སྤེལ་གནང་བའི་ནང་། བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རྡོ་རྗེ་བཀྲ་ཤིས་ལགས། ཡུ་གུར་མི་རིགས་ཡིན་པའི་མཁས་དབང་(IIham Tohti)་ལགས། འཛམ་གླིང་ཡུ་གུར་གྲོས་ཚོགས་ཀྱི་ཚོགས་གཙོ་(Dolkun Isa)་ལགས་ཀྱི་གཅེན་པོ་(Hushtar Isa)་ལགས། རྒྱ་ནག་ནང་གི་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་སོགས་མི་སྣ་མང་པོ་ཞིག་གི་མིང་གསལ་སྟོན་འདུག་ལ། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་དང་མཇལ་འཕྲད་ཞུ་རུ་འཇུག་གི་མེད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་གནང་འདུག
ད་དུང་རྒྱ་གཞུང་གིས་ཚོར་བ་རྣོ་པོར་བརྩི་བཞིན་པ། དཔེར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ། ཐེ་ཝན་གྱི་གནད་དོན། ཤར་ཏུར་ཀིསུ་ཐན་ནང་གི་གནས་སྟངས། ཕྱི་ལོ་༡༩༨༩་ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དྲུག་བཞི་དམངས་གཙོའི་ལས་འགུལ། རྒྱ་ནག་གཞུང་གིས་ཏོག་དབྱིབས་རྩ་མེད་བཟོ་བ་མེད་བའི་སྲིད་ཇུས་སྐོར་སོགས་སྤྱི་ཚོགས་དྲ་ལམ་སོགས་སུ་གྲོས་བསྡུར་བྱེད་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་ཡོད་པ་སོགས་ཀྱང་ཐེར་འདོན་གནང་འདུག
འདུ་འཛོམས་དང་ཚོགས་པ་འཛུགས་ཕྱོགས་ཀྱི་རང་དབང་ཐད། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཀྱི་ས་ཁུལ་གཞན་གྱི་ནང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཕྱི་རྒྱལ་གྱི་རོགས་དངུལ་ཐོབ་པའི་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཀྱིས་དོ་དམ་དང་འདྲི་རྩད་ཀྱིས། ཚོགས་པ་ཕྱིར་བསྡུ་བྱེད་མུས་ཡིན་པ་བཀོད་འདུག་ཅིང་། ཤེས་ཡོན་གྱི་ཐད་སོག་པོ་ནང་སོག་དང་། ཤིན་ཅང་། བོད་ནང་དུ་རྒྱལ་རབས་དང་ཆབ་སྲིད་ཀྱི་སློབ་ཚན་བཅས་པ་རྒྱའི་སྤྱི་སྐད་རྒྱ་སྐད་རྒྱ་ཡིག་ཐོག་གི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་མཁན་གྱི་སློབ་དགེ་དགོས་པ་ཆ་རྐྱེན་བཏོན་ནས་མི་རིགས་གཞན་དག་གི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་ཉམས་ཞིབ་པ་ཚོས་བརྗོད་པ་ལུང་འདྲེན་བྱས་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org