རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་སྐབས་བོད་དོན་གླེང་འདུག

2024.01.24
རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་སྐབས་བོད་དོན་གླེང་འདུག མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་སྐབས་བོད་དོན་གླེང་མཁན་རྒྱལ་ཁབ་ཁག
RFA

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་སྐབས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ཉི་ཤུ་ལྷག་གིས་བོད་དོན་དང་འབྲེལ་བའི་དོན་ཚན་༢༥རྒྱབ་གཉེར་གནང་ནས་བོད་དོན་གླེང་ཡོད་པ་དང་། འདི་ནི་༢༠༡༨ལོའི་བསྐྱར་ཞིབ་ཐེངས་གསུམ་པ་དང་བསྡུར་ན་ལྡབ་གཅིག་ལྷག་གི་མང་བ་བྱུང་ཡོད་པ་རེད། སྐབས་དེར་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་། དམ་དྲག་གི་སྲིད་ཇུས་མཚམས་འཇོག་དགོས་བ། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་བ་དང་། བོད་ཕྲུག་སློབ་མ་རྣམས་ལ་མི་རིགས་རང་གི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
ད་དུང་བསྐྱར་ཞིབ་སྐབས་ཚོགས་མི་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་གི་ངོས་ནས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་དུ་བཏོན་པའི་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ལག་བསྟར་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ཁག་བརྩི་སྲུང་གིས་ལག་བསྟར་དགོས་བ། ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ཕྱིར་འཐེན་དགོས་པ་སོགས་ཀྱི་འབོད་སྐུལ་གནང་འདུག

Universal Periodic Review china.JPG
གོང་བརྗོད་དགོས་འདུན་དང་འབོད་སྐུལ་དེ་དག་རྒྱ་ནག་གཞུང་གིས་ངོས་ལེན་ལག་བསྟར་བྱ་རྒྱུ་ཡིན་མིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་མ་ཡ་ཝང་(Maya Wang)་ལ་གནས་འདྲི་ཞུས་པར། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དུས་བཀག་བསྐྱར་ཞིབ་གནང་རྒྱུ་དེ་ནི་གལ་ཆེ་ཞིག་ཡིན་རུང་། རྒྱ་ནག་གཞུང་གིས་གོང་ཞུས་བསམ་འཆར་ཁག་ངོས་ལེན་བྱ་རྒྱུ་མིན་པ་ངེས་པ་རེད། ཡིན་ནའི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་ཡོངས་གྲགས་ཀྱི་སྒོ་ནས་སྐྱོན་བརྗོད་གནང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་ཐོ་གཞུང་ནང་བཀོད་གནང་ཐུབ་པ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཡིག་ཐོག་ནས་ལན་འདེབས་གནང་བྱུང་།
ཡང་རྒྱ་ནག་གཞུང་གིས་བོད་གཙོས་པའི་བཙན་དབང་འོག་ཡོད་པའི་ས་ཁུལ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་འགན་འཁུར་ངོས་ལེན་བྱ་རྒྱུ་ཡིན་མིན་གནས་འདྲི་ཞུས་པར། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་འགན་འཁུར་རྒྱུ་གཞུང་འཛིན་གང་འདྲ་ཞིག་ལའང་ལས་སླ་པོ་མ་རེད་ལ། འཛམ་གླིང་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་ཤོས་གཏོང་མཁན་རྒྱལ་ཆབ་ཆེ་ཤོས་གྲས་ཤིག་ཡིན་དུས་འགན་འཁུར་ངོས་ལེན་བྱ་རྒྱུ་དེ་བས་དཀའ་ལས་ཁག་པོ་ཡིན་ལུགས་དང་། དེའི་ཆེད་དུས་ཚོད་རིང་པོ་འགོར་རྒྱུ་དང་དེའི་ཆེད་ལས་དོན་སྔར་བས་ཤུགས་ཆེ་བ་དང་མང་བ་སྤེལ་དགོས་སྐོར་ལན་འདེབས་གནང་བྱུང་།
ད་དུང་ཁོང་གིས། རྒྱལ་སྤྱིའི་སྡིངས་ཆ་དེ་འདྲའི་སྟེང་གཞུང་འཛིན་ཁག་གིས་དྲང་བདེན་གྱི་གནས་ཚུལ་ཁག་གསུངས་པ་ཡིན་ན་ཁེ་ཕན་ངེས་ཅན་ཡོད། དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གི་ལས་ཁུངས་ནས་སྔ་ལོ་ཤར་ཏུར་ཀིསུ་ཐན་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་སྐོར་སྐྱོན་བརྗོད་དྲག་པོ་འཁོད་པའི་སྙན་ཐོ་བཏོན་ཡོད་སྟབས་བཟང་ཕྱོགས་སུ་འགྱུར་བ་ཐེབས་ཀྱི་ཡོད་སྐོར་དང་། ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོའི་ལས་ཁུངས་ནས་ཕྱི་ལོ་༢༠༠༢་ལོའི་སྙན་ཐོ་དེ་མཇུག་སྐྱོང་གནང་དགོས་པའི་གོམ་པ་མདུན་སྤོས་གནང་དགོས་སྐོར་གསུངས་འདུག།

* འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་འབྲེལ་ཡོད་གནས་ཚུལ་ཁག་འདིར་གནན་ནས་གཟིགས་ཐུབ།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎