དབྱིལ་ཡུལ་གྱི་ངལ་རྩོལ་ཚོགས་པའི་ལྷན་ཚོགས་ཐོག་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག

ཟླ་བ་འདིའི་ཚེས་༢༥་ནས་ཚེས་༢༨་བར་ཉིན་གྲངས་བཞིའི་རིང་། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་དབྱིན་ཡུལ་གྱི་(Labour Party)་ངལ་རྩོལ་ཆབ་སྲིད་ཚོགས་པའི་ལོ་འཁོར་ལྷན་ཚོགས་སྐབས། དོན་གཅོད་སྐུ་ཚབ་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། དྲུང་ཆེ་ཚེ་རིང་མཚོ་མོ་ལགས་ཀྱི་གཙོས་ལས་བྱེད་རྣམས་མཉམ་ཞུགས་གནང་ནས། ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་མཉམ་འགྲེམས་སྟོན་གྱི་ལམ་ནས་བོད་དོན་སྐོར་གོ་རྟོགས་སྤེལ་འདུག
གོང་ཞུས་ལྷན་ཚོགས་དེའི་རིང་ངལ་རྩོལ་ཚོགས་པའི་ལས་དོན་གཉེར་ཕྱོགས་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་སྐོར་བཀའ་བསྡུར་གནང་གི་ཡོད་སྟབས། དོན་གཅོད་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་ཀྱིས། གྲོས་ཚོགས་འཐུས་མི་དང་ཕྱོགས་འགལ་ཚོགས་པའི་ཨེ་ཤེ་ཡ་གླིང་ཕྲན་གྱི་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་(Stephen Kinnock)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་མཉམ། བོད་ཀྱི་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་སོགས་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བའི་སྐབས། ཁོང་གིས། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ལ་དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་སྐབས་དེའི་འགོ་ཁྲིད་(Chen Quanguo)་ཞེས་པ་དེ་དབྱིན་ཡུལ་ནང་ཡོང་རྒྱུར་བཀག་འགོག་དང་ཉེས་ཆད་འགེལ་རྒྱུའི་མིང་ཐོའི་ནང་འཇོག་རྒྱུའི་གནད་དོན་ཐད་ལའང་མོས་མཐུན་ཡོད་ཅེས་གསུངས་ཡོད་འདུག
དེ་དང་ཕྱོགས་མཚུངས་ལྷན་ཚོགས་དེའི་རིང་འགྲེམས་སྟོན་གྱི་ལམ་ནས་བོད་དོན་གོ་རྟོགས་སྤེལ་ཡོད་པའི་ཐོག གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཡུ་གུར་བ་སོགས་ཕེབས་སྐབས་བོད་དོན་གླེང་སློང་དང་གྲོས་ཚོགས་འཐུས་མི་ཚོར་བོད་ཀྱི་གནས་སྟངས་སྐོར་ཞུ་གཏུག་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།