འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ནང་གི་གནས་སྟངས་གླེང་འདུག

0:00 / 0:00

བོད་ནང་དགེ་རྒན་ཆེན་མོ་གནང་མྱོང་བ་དང་། བོད་ཀྱི་སློབ་གསོ་བ་དང་སྤྱི་ཚོགས་རིག་པའི་ཆེད་ལས་འབུམ་རམས་པ་རྒྱལ་ལོ་ལགས་ཕྱི་ཟླ་༣ ཚེས་༢༨ནས་དབྱིན་ཡུལ་ནང་ཕེབས་ཏེ་བོད་དོན་གཏམ་བཤད་གནང་བཞིན་པ་དང་། ལྷག་པར་དུ་ཁོང་དབྱིན་ཡུལ་གྲོས་ཚོགས་ནང་སྣེ་ལེན་གནང་སྐབས། ཁོང་གིས་དེང་སང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོ་སོ་སོའི་ཕ་མ་དང་ཁ་ཐག་རིང་བའི་རྒྱ་ནག་གི་སློབ་གསོ་སྤེལ་སའི་གཏན་འཇགས་སློབ་གྲྭའི་ནང་བཅུག་དང་འཇུག་བཞིན་ཡོད་པའི་གནད་དོན་སྐོར་ལ་ངོ་སྤྲོད་ཀྱི་གཏམ་བཤད་གནང་ཡོད་འདུག་ལ། དེར་གྲོས་ཚོགས་འཐུས་མི་མང་པོས་ཁོང་ལ་དགའ་བསུའི་རྣམ་པ་ཤུགས་ཆེན་བསྟན་པའི་ཁར། འཐུས་མི་དེ་དག་གིས་སོ་སོའི་སྤྱི་ཚོགས་དྲྭ་ལམ་(twitter)་སོགས་སུ་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་། བོད་ཕྲུག་མང་པོ་རྒྱ་ནག་གི་སློབ་གསོ་མྱོང་སའི་གཏན་འཇགས་སློབ་གྲྭ་ཁག་ནང་འཇུག་བཞིན་པར་བློ་ཚབས་ཡོད་པའི་རྣམ་འགྱུར་བསྟན་འདུག
དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་(Sarah Champion)་ལགས་ཀྱིས་ཁོང་གི་(twitter)་དྲྭ་བར། འབུམ་རམས་པ་རྒྱལ་ལོ་ལགས་དང་མཇལ་འཕྲད་གནང་པའི་འདྲ་པར་དང་བཅས། དགེ་རྒན་ཆེན་མོ་རྒྱལ་ལོ་ལགས་ཀྱིས་བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གཞུང་གིས་བཙན་གྱིས་གཏན་འཇགས་སློབ་གྲྭའི་ནང་གཟའ་འཁོར་རེར་མཚན་ལྔ་དང་ཉིན་དྲུག་ལ་བཅུག་སྟེ་བསླབ་གཞི་ཁག་རྒྱ་ཡིག་ནང་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་དུས་ཧང་སངས་བ་བྱུང་། ང་ཚོས་གནད་དོན་དེའི་ཐད་དོ་གལ་ཆེན་པོ་བརྩི་དགོས་ཀྱི་འདུག་ཅེས་བྲིས་འདུག

I'm rarely lost for words, but hearing Dr Gyal Lo describe 4-6year old children being forced to go to boarding school 5 nights/6 days a week to learn Chinese floored me. We need to keep a spotlight on this ⁦⁩

དབྱིན་ཡུལ་ནང་ཡོད་པའི་(Free Tibet)་ཞེས་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བའི་ནང་། ཉེ་ཆར་དབྱིན་ཡུལ་གྲོས་ཚོགས་ནང་རྒྱ་ནག་གི་བྱེད་བབ་སྐོར་བགྲོ་གླེང་བྱས་སྐབས། བོད་ཀྱི་སྐོར་ལ་གནས་ཚུལ་ཤུགས་ཆེན་གླེང་སློང་གནང་མཁན་དབྱིན་ཡུལ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་ཆུང་གི་ཚོགས་གཙོ་(Jim Shannon)་ལགས་གྱིས། བོད་ཀྱི་སློབ་གསོ་བ་རྒྱལ་ལོ་ལགས་དང་ཐུག་འཕྲད་ཀྱིས་རྒྱ་ནག་གཞུང་གིས་བཙན་བཟུང་བྱེད་བཞིན་པའི་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་འཇུག་བཞིན་པའི་གནད་དོན་དང་ཉེན་ཁའི་སྐོར་ཀྱི་གནས་ཚུལ་རྣམས་ཐད་ཀར་རྒྱུས་ལོན་བྱེད་རྒྱུ་བྱུང་ཞེས་བརྗོད་འདུག

We thank MP, Co-Chair of the All Party Parliamentary Group for , for joining us. Dr Gyal Lo briefed him on the network of Chinese boarding schools throughout Tibet, Tim has expressed deep concern and intends to raise the matter at the highest levels.

དེ་བཞིན་ཡང་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་(Kerry Mccarthy)་ལགས་ཀྱིས། རྒྱལ་ལོ་ལགས་དབྱིན་ཡུལ་གྲོས་ཚོགས་སུ་སྣེ་ལེན་སྐབས་མཇལ་འཕྲད་གནང་བ་དང་། གྲོས་ཚོགས་འཐུས་མི་(John Mann)་ལགས་ཀྱིས་གྲོས་ཚོགས་ནང་རྒྱལ་ལོ་ལགས་སུ་ཆེ་བསྟོད་ཞུས་ཏེ་ཁོང་གིས་བོད་དོན་ཐད་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད་འདུག
གནས་ཚུལ་ལྟར་ན། ད་རེས་དབྱིན་ཡུལ་གྲོས་ཚོགས་ནང་འབུམ་རམས་པ་རྒྱལ་ལོ་ལགས་སྣེ་ལེན་གནང་ནས་བོད་དང་འབྲེལ་བའི་བྱེད་སྒོ་སྤེལ་སྐབས། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་(Chris Law)་དང་། (Rachel Hopkis) (Afzal Khan) (Wera Hobhouse)་སོགས་མཉམ་ཞུགས་གནང་ཡོད་པ་དང་། བོད་དང་འབྲེལ་བའི་བྱེད་སྒོ་དེ་ནི་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Navendu Mishra)་ལགས་ཀྱིས་གོ་སྒྲིག་གནང་ཡོད་འདུག


གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།