དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ལ་གདུང་སེམས་མཉམ་སྐྱེས་ཀྱི་མཛད་སྒོ་ཚོགས་འདུག

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས་གསུངས་ན། ཉེ་ལམ་བོད་མིའི་རང་དབང་སྒེར་ལས་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣་པ་སྲུང་བརྩི་ཞུས་གནང་ཡོད་པ་དང་འབྲེལ། ཚེས་༡༦་ཉིན་མཛད་སྒོ་དེ་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཡུལ་དུ་ཡོད་པའི་བོད་ཀྱི་སྤྱི་ཚོགས་(Tibet Society)་ཞེས་བའི་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྒྱལ་ས་ལོན་ཊོན་ནང་ཡོད་པའི་(Westminister Abbey)་ཞེས་པའི་ཡེ་ཤུའི་ལྷ་ཁང་མདུན་དུ་ཚོགས་ནས། རྒྱ་ནག་གི་བཙན་འཛུལ་དྲག་གནོན་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ལོ་འཁོར་མེ་ཏོག་གི་མཆོད་པ་འབུལ་བ་དང་། མི་ཉག་རིན་པོ་ཆེ་ཡིས་སྣེ་ཁྲིད་གནང་ནས་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་ཡོངས་ཀྱི་ཆེད་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་མ་སེམས་ཅན་ཐམས་ཅད་ཀྱི་ཆེད་སྨོན་ལམ་གསུང་དོན་གནང་བ་དང་། བོད་ལ་གདུང་སེམས་མཉམ་སྐྱེས་གནང་ཡོད་པ་རེད་འདུག
སྐབས་དེར་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Tim Loughton)་ལགས་ཀྱིས། ཕྱི་ལོ་༡༩༥༩ལོར་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། ད་བར་བོད་མི་འདས་གྲོངས་སུ་གྱུར་བ་རྣམས་ལ་དྲན་གསོ་དང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣་སྲུང་བརྩི་ཞུ་རྒྱུ་དང་། ཁོང་རྣམས་ཀྱི་ངོས་ནས་མུ་མཐུད་དུ་བོད་མིའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་དང་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད་པ་མ་ཟད། ཡུཀ་རེན་(Ukraine)་དང་ཤར་ཏུར་ཀིསུ་ཐན། ཧོང་ཀོང་བཅས་ཀྱི་མི་མང་རྣམས་ལ་ཡང་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་ཡོད་ཅེས་གསུངས་འདུག
མཛད་སྒོའི་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Tim Lougton)་ལགས་དང་། དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་(Kerry McCarthy)་ལགས། གྲོས་ཚོགས་འཐུས་མི་(Navendu Mishra)་ལགས། གྲོས་ཚོགས་འཐུས་མི་(Virendra Sharma)་ལགས། གྲོས་ཚོགས་འཐུས་མི་(Lord David Alton)་བཅས་ཕེབས་ཡོད་པ་དང་། དེའི་ཐོག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་པ་དང་། བོད་རང་དབང་ཚོགས་པའི་སྐུ་ཚབ། དབྱིན་ཡུལ་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ཀྱང་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།